སེར་ཝེ་ཡཱའི་ཙུང་ལི་ཡིས་ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱིས་ས་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་ཚུལ་བསྟན།
2024.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

སེར་ཝེ་ཡཱའི་ཙུང་ལི་ཝུའུ་ཆེ་ཝེ་ཆི་ཡིས་ཚེས9ཉིན་བསྟན་དོན། ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་སེར་ཝེ་ཡཱའི་བྱང་ཕྱོགས་ཀྱི་ཙི་ལོས་ནེ་ཡཱ་ཉིང་མྱུར་བགྲོད་གཞུང་ལམ་རྣམ་གྲངས་དེས་ས་གནས་རང་ལ་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད་ལ་ས་གནས་དེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ངེས་རེད་ཟེར།

ཙི་ལོས་ནེ་ཡཱ་ཉིང་མྱུར་བགྲོད་གཞུང་ལམ་རྣམ་གྲངས་མགོ་རྩོམ་པའི་མཛད་སྒོ་དེ་སེར་ཝེ་ཡཱའི་རྒྱལ་ས་པེ་ཨར་ཀི་ལའེ་ཏི་ནས་བསྡུས། ཝུའུ་ཆེ་ཝེ་ཆི་དང་སེར་ཝེ་ཡཱའི་འཛུགས་སྐྲུན་དང་འགྲིམ་འགྲུལ། རྨང་གཞིའི་སྒྲིག་ཆས་བཅས་ཀྱི་པུའུ་ཀྲང་ཝེ་ཞི་ཆི། དེ་མིན་ཀྲུང་གོའི་ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ། སེར་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་གཞུང་ཚབ་ཚབ་མ་ཀྲང་ཀྲི། བཟོ་སྐྲུན་ལག་བསྟར་བྱེད་མཁན་ཀྲུང་གོའི་ཧྲན་ཏུང་མྱུར་བགྲོད་སྡེ་ཚོགས་ཀྱི་འཐུས་མི་སོགས་མགོ་རྩོམ་མཛད་སྒོར་ཞུགས།

ཝུའུ་ཆེ་ཝེ་ཆི་ཡིས་ལས་གཞིའི་ཡུལ་དངོས་སུ་ལྟ་སྐོར་བྱས་པ་དང་འབྲེལ་ཡོད་ཀྱི་མཚམས་སྦྱོར་ལ་ཉན། ཁོས་མགོ་རྩོམ་མཛད་སྒོའི་སྟེང་བསྟན་དོན། མྱུར་བགྲོད་གཞུང་ལམ་དེས་པཱ་ནཱ་ཐི་ས་ཁུལ་གྱི་རྣམ་པ་རྩ་བ་ནས་བསྒྱུར་ཐུབ་པ་དང་། ས་ཁུལ་དེར་གོ་སྐབས་སྔར་ལས་མང་བོ་བསྐྲུན་ཐུབ་པར་མ་ཟད། ཙི་ལོས་ནེ་ཡཱ་ཉིང་གྲོང་ཁྱེར་དང་དེའི་ཉེ་འཁོར་གྱི་མཁར་གྲོང་གི་འཕེལ་རྒྱས་ལའང་སྐུལ་འདེད་གཏོང་ཐུབ་ཟེར།

ཝེ་ཞི་ཆི་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཀྲུང་གོའི་ཁེ་ལས་ཀྱིས་སེར་ཝེ་ཡཱའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ལས་གཞིའི་དངོས་སྦྱོང་ལ་བརྟེན་ནས་མ་འོངས་པའི་བཟོ་སྐྲུན་པ་གསོ་སྐྱོང་བྱེད་པའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།