སར་ཝ་ཏའོ་ཡི་ཙུང་ཐུང་པུའུ་ཁི་ཨར་གྱིས་ཚེས9ཉིན་སྨྱན་བྱད་ལ་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་མཁའ་དམག་གི་གྱེན་འཕུར་གནམ་གྲུ་ཞིག་ཚེས8ཉིན་གྱི་དགོང་མོར་སར་ལྷུང་ནས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་སར་ཝ་ཏའོ་རྒྱལ་ཁབ་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་མའོ་ལི་ཞི་ཨོ་ཨ་ལི་ཡཱ་སཱ་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཚེས8ཉིན་གྱི་དགོང་མོར། སར་ཝ་ཏའོ་དམག་ཕྱོགས་ཀྱི་གྱེན་འཕུར་གནམ་གྲུ་དེ་སར་ཝ་ཏའོ་དང་ཧོང་ཏུ་ར་སིའི་མཐའ་མཚམས་ས་ཁུལ་དུ་སོང་ནས་ལས་འགན་ལག་བསྟར་བྱེད་སྐབས་ལཱ་ཝུའུ་ནེ་ཝུན་ཞིང་ཆེན་ནས་སར་ལྷུང་བ་རེད། གནམ་གྲུའི་སྟེང་གི་མི9རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་རྒྱལ་ཁབ་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་སོགས་ཉེན་རྟོག་དཔོན་པོ4དང་། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ3ཡོད་ལ། གསར་འགོད་པ་གཅིག་དང་དོགས་ཡོད་ཉེས་ཅན་གཅིག་བསད་འདུས་ཟེར།
པུའུ་ཁི་ཨར་གྱིས་ཁྱབ་བསྒྲགས་བྱས་དོན། སར་ཝ་ཏའོ་རྒྱལ་ཡོངས་ཀྱིས་ཉིན་གསུམ་རིང་མྱ་ངན་ཞུ་རྒྱུ་ཡིན་ཟེར།
པུའུ་ཁི་ཨར་གྱིས་བཤད་རྒྱུར། དོན་རྐྱེན་དེ་སྤྱིར་བཏང་གི་དོན་རྐྱེན་ཞིག་མིན་པས། ངེས་པར་དུ་དེའི་འབྱུང་རྐྱེན་ལ་རྩད་ཞིབ་གསལ་བོ་བྱེད་དགོས་ལ། སར་ཝ་ཏའོ་ཕྱོགས་ཀྱིས་རྒྱལ་སྤྱིའི་རོགས་སྐྱོར་ཐོབ་པར་རེ་ཞུ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།