འཇར་མན་གྱིས་སྐམ་སའི་མཐའ་མཚམས་ཀྱི་རྒྱུ་ལམ་ཚང་མར་བཀག་སྡོམ་བྱེད་རྒྱུ་རེད།
2024.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

འཇར་མན་གྱི་ནང་སྲིད་དང་རྒྱལ་ཁབ་མངའ་ཁོངས་པུའུ་ཀྲང་ཧྥེ་ཙེ་ཡིས་ཚེས་དགུ་ཉིན་བཀའ་རྒྱ་བཏང་སྟེ་འཇར་མན་གྱི་སྐམ་སའི་མཐའ་མཚམས་ཀྱི་རྒྱུ་ལམ་ཚང་མ་ནས་ལམ་ཡིག་ཞིབ་བཤེར་བྱེད་པ་སླར་གསོ་བྱས་ཏེ། ལམ་ཡིག་མེད་པར་འཇར་མན་གྱི་མངའ་ཁོངས་སུ་ཡོང་བའི་མི་གྲངས་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན།

བསྒྲགས་པ་ལྟར་ན། མཐའ་མཚམས་ཞིབ་བཤེར་གྱི་དམིགས་ཡུལ་ནི་རྒྱུན་ལྡན་མིན་པའི་གནས་སྤོར་སྡོད་དམངས་ལ་ཚོད་འཛིན་བྱེད་པ་དང་འཇིགས་སྐུལ་རྩ་འཛུགས་དང་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་ཆེད་ཡིན་ཟེར།

ན་ནིང་ཟླ10བར། འཇར་མན་གྱིས་སུའེ་ཙེར་དང་ཅེ་ཁི། ཕོ་ལན་བཅས་འདབས་འབྲེལ་དུ་ཡོད་པའི་མཐའ་མཚམས་ས་ཁུལ་གྱི་བཀག་སྡོམ་སླར་གསོ་བྱས་ཏེ་རྒྱུན་ལྡན་མིན་པའི་གནས་སྤོར་སྡོད་དམངས་དག་རང་གི་མངའ་ཁོངས་སུ་ཡོང་བར་ཚོད་འཛིན་བྱས།

འཇར་མན་དུ་ཉེ་སྔོན་གནས་སྤོར་སྡོད་དམངས་དང་འབྲེལ་བའི་དྲག་ཤུགས་ཉེས་སྤྱོད་དོན་རྐྱེན་མང་བོ་བྱུང་། འཇར་མན་གྱི་དབྱིན་ལའེ་ཝེ་སི་ཐི་ཧྥ་ལོན་བྱང་མ་མངའ་སྡེའི་སོ་ལིན་ཀིན་གྲོང་ཁྱེར་དུ་ཟླ་སྔོན་མར་གྲི་བཟུང་ནས་འཇབ་རྒོལ་བྱས་པའི་དོན་རྐྱེན་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དོགས་ཡོད་མི་སྣ་དེ་ནི་སི་རི་ཡཱ་ནས་ཡོང་བའི་གནས་སྤོར་སྡོད་དམངས་རེད་ཟེར།

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་དོན་རྐྱེན་དེ་ནི་ང་ཚོ་མི་ཚང་མར་དམིགས་པའི་འཇིགས་སྐུལ་རིང་ལུགས་ཤིག་རེད་ཟེར། དེའི་རྗེས་སུ་འཇར་མན་སྲིད་གཞུང་གིས་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།