འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྙན་ཞུ་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མཉམ་འདྲེས་དེ་འགྲན་རྩོད་ཆེན་མོ་གསུམ་ལ་འཕྲད་ཡོད་པའི་ཚུལ་བསྟན།
2024.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚེས9ཉིན་སྤེལ་བའི2024ལོའི་འཛམ་གླིང་ཉོ་ཚོང་སྙན་ཞུ་ལས་བཤད་རྒྱུར། ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་ཛ་དྲག་ཡིན་པ་དང་། གཞི་གྲངས་གསར་བརྗེ། ནམ་ཟླའི་འགྱུར་ལྡོག་བཅས་ཀྱིས་ཉོ་ཚོང་གཙོར་འཛིན་པའི་འཕེལ་རྒྱས་རྣམ་པར་འགྱུར་ལྡོག་བཟོ་བཞིན་ཡོད་ཅིང་། ཕྱིན་ཆད་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མཉམ་འབྲེལ་ཐད་འགྲན་རྩོད་གསར་བ་འབྱུང་སྲིད་ལ། དེའི་ཞོར་དུ་གོ་སྐབས་གསར་བ་རེ་འགའ་ཡང་བསྐྲུན་ཐུབ་ངེས་རེད་ཟེར།

སྙན་ཞུ་ལས་བལྟས་ན། ས་ཁུལ་བར་གྱི་ཆབ་སྲིད་ལ་འབྲེལ་བའི་རྒྱལ་ཁབ་ཀྱི་འགྲན་རྩོད་དང་ས་ཁུལ་གྱི་འཁྲུག་རྩོད། ཉོ་ཚོང་བཀག་སྡོམ་སོགས་འཛམ་གླིང་ཡོངས་ཀྱི་གནས་བབ་ལས་འདས་པའི་ལོ་ངོ30རིང་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་རྨང་གཞི་བརྟན་པོར་གཡོ་འགུལ་བཏང་ཡོད་ལ། དེ་ལས་རྒྱལ་སྤྱིའི་ཉོ་ཚོང་མ་ལག་གཏོར་བཤིག་ཏུ་གཏོང་ངེས་ཡིན་པ་དང་། གཞི་གྲངས་གསར་བརྗེ་ལས་ཡོང་འབབ་དམའ་བའི་དཔལ་འབྱོར་ཚོགས་པའི་ངལ་རྩོལ་གཅིག་འདུས་ཅན་གྱི་བཟོ་སྐྲུན་ལས་རིགས་གཙོར་འཛིན་པའི་འཕར་སྣོན་གྱི་མདུན་ལྗོངས་ཇེ་སྡུག་ཏུ་གཏོང་ངེས་ཡིན་ལ། ནམ་ཟླའི་འགྱུར་ལྡོག་ལས་རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་ཡོང་འབབ་དམའ་བའི་དཔལ་འབྱོར་ཚོགས་པར་ཤུགས་རྐྱེན་སྔར་ལས་ཆེན་པོ་ཐེབས་སྲིད་པར་འདོད།

དེའི་ཞོར་དུ་སྙན་ཞུ་ལས་བལྟས་ན། གོང་སྨྲས་ཀྱི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་ཕྱོགས་ལའང་དགོས་ངེས་ཀྱི་གོ་སྐབས་ཀྱང་བསྐྲུན་སྲིད་པར་འདོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་ཚོགས་པས་གཞི་གྲངས་ཅན་ལ་བརྟེན་ནས་ཉོ་ཚོང་མ་རྩ་ཇེ་དམའ་རུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་གཙོར་འཛིན་པའི་འཕར་སྣོན་རིམ་སྤོར་བྱས་ནས། འཛམ་གླིང་ཡོངས་ཀྱི་ལྷད་མེད་རིམ་སྤོར་བརྒྱུད་རིམ་ཁྲོད་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ཐོན་ཁུངས་ཀྱི་དགོས་མཁོ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་ཐོབ་པར་བྱེད་དགོས་ཟེར།

སྙན་ཞུས་ལས་རྒྱལ་ཁབ་སོ་སོས་འགྲན་རྩོད་ཀྱི་མདུན་ནས་མཉམ་དུ་འབད་བརྩོན་བྱས་ཤིང་། གཞི་གྲངས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལེགས་བསྒྱུར་བྱས་ནས་ཞབས་ཞུའི་ཉོ་ཚོང་དང་གཞི་གྲངས། ལྷད་མེད་དཔལའ་བྱོར་བཅས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་དགོས་མཁོ་བསྐང་དགོས་པའི་འབོད་སྐུལ་བཏང་། དེའི་ཞོར་དུ་རྒྱལ་སྤྱིའི་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྒོ་འབྱེད་ཉོ་ཚོང་དང་ལས་རིགས་གསོ་སྦྱོང་ལ་ཤུགས་སྣོན་བྱེད་པ། ལས་ཤོར་རྒུད་སྐྱོབ་མ་དངུལ་འདོན་སྤྲོད་བྱེད་པ། འགྲན་རྩོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་སོགས་སྲིད་ཇུས་དག་ཟུང་འབྲེལ་དམ་པོ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།