ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར2024ལོའི་རྒྱ་མཚོ་ཆེན་མོ་ཞེས་པའི་འཐབ་ཇུས་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། ཆུ་འཛུལ་གྲུ་གཟིངས་དང་བཅས་པའི་དམག་དོན་གྲུ་གཟིངས400ལྷག་དང་དཔོན་དམག་ཁྲི9ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར།
ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཨུ་རུ་སིའི་མཚོ་དམག་གི་སྤྱི་ཁྱབ་དམག་སྤྱི་མའོ་དབྱེ་ཞེ་ཡེ་ཧྥུའུ་ཡིས་བཀོད་འདོམ་བྱས་ཤིང་། ཞི་བདེ་རྒྱ་མཚོ་ཆེན་མོ་དང་བྱང་གི་འཁྱག་རོམ་རྒྱ་མཚོ། པའོ་ལོ་ཏིས་རྒྱ་མཚོ། ལི་ཧེ་རྒྱ་མཚོ། ས་དཀྱིལ་མཚོ་ཁོངས་སོགས་མཚོ་ཁོངས་མང་བོ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། རྒྱལ་ཁབ15ཡི་འཐུས་མི་ལྟ་ཞིབ་པའི་ཚུལ་དུ་དམག་དོན་སྦྱོང་བརྡར་ལ་ཞུགས།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ཅིག་ནི་ཨུ་རུ་སིའི་མཚོ་དམག་གིས་གནད་འཁེལ་མཚོན་ཆ་དང་སྔོན་ཐོན་མཚོན་ཆ་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ཆེད་ཡིན་ཟེར།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ཏེ། དེ་ནི་ཨུ་རུ་སིའི་དམག་དཔུང་གིས་ལོ་ངོ30རིང་ཐོག་དང་པོར་འདི་འདྲའི་གཞི་རྒྱ་ཆེ་བའི་མཚོ་དམག་གི་དམག་དོན་སྦྱོང་བརྡར་ཞིག་སྤེལ་བ་ཡིན་ཞིང་། གནས་བབ་ལ་འཕེལ་རྒྱས་ཅི་འདྲ་བྱུང་ཡང་། ཨུ་རུ་སི་ཡིས་ངེས་པར་དུ་གྲ་སྒྲིག་བཟང་བོ་བྱེད་དགོས་པ་དང་། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱིས་བློ་གཏད་ཡོད་པའི་སྒོ་ནས་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ཕྱོགས་གང་རུང་ནས་སྤེལ་བའི་དགྲར་འཛིན་གྱི་དམག་དོན་འགུལ་སྐྱོད་གང་རུང་མཐར་སྐྲོད་གཏོང་དགོས་ཟེར།
ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཚེས16ཉིན་མཇུག་སྒྲིལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།