ཅོར་ཏན་གྱིས་སྐབས་ཉི་ཤུ་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།
2024.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཅོར་ཏན་གྱི་སྐབས་ཉི་ཤུ་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས10ཉིན་སྤེལ། འདེམ་དམངས་དག་གིས་འདེམ་སྒུག་མི་སྣ1643གྱི་ཁྲོད་ནས་དམངས་གྲོས་ཁང་གི་གྲོས་མི138གདམ་རྒྱུ་རེད།

ཉིན་དེའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད7ནས་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད་བདུན་སྟེང་མཇུག་སྒྲིལ། འདེམ་བསྐོའི་མཇུག་འབྲས་དེ་འདེམ་ཤོག་འཕངས་རྗེས་ཀྱི་དུས་ཚོད48རིང་ཁྱབ་བསྒྲགས་བྱེད་རྒྱུ་རེད། ཅོར་ཏན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོར་ཐོབ་ཐང་ལྡན་པའི་ཅོར་ཏན་གྱི་འདེམ་དམངས་ས་ཡ་ལྔ་དང་འབུམ་གཅིག་ཙམ་ཡོད་པ་དང་། འདེམ་ཤོག་འཕངས་ཚད་བརྒྱ་ཆའི་སོ་གཉིས་ལས་བརྒལ་ཡོད་པ་རེད།

དེ་ནི་ཅོར་ཏན་གྱིས2022ལོར་འདེམ་བསྐོའི་བཅའ་ཁྲིམས་གསར་བར་གྲོས་མཐུན་བཀོད་རྗེས་ཐོག་དང་པོར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་རེད། འདེམ་བསྐོའི་བཅའ་ཁྲིམས་གསར་བ་ལྟར་ན། ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ས་གནས་འདེམ་ཁུལ་དང་རྒྱལ་ཡོངས་འདེམ་ཁུལ་གཉིས་སུ་དགར་དགོས་པ་དང་། དེའི་ནང་རྒྱལ་ཡོངས་འདེམ་ཁུལ་གྱི་གྲོས་མི41སྟེ། དམངས་གྲོས་ཁང་གི་གྲོས་མི་ཚང་མའི་བརྒྱ་ཆའི་སུམ་ཅུ་སྲིད་ཏང་སོ་སོ་ནས་ཡོང་བ་ཡིན་ལ། བསྡུར་ཚད་དེ་རྗེས་ཀྱི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རིམ་བཞིན་ཇེ་མཐོར་འགྲོ་ངེས་རེད།

འདེམ་བསྐོའི་བཅའ་ཁྲིམས་གསར་བ་ལས་འདེམ་སྒུག་མི་སྣའི་ཆེས་དམའ་བའི་ལོ་ཚད་ཇེ་དམའ་རུ་བཏང་སྟེ། སྔོན་ཆད་ཀྱི་ལོ30ནས25ལ་ཇེ་དམའ་བཏང་ཡོད། འདེམ་བསྐོའི་བཅའ་ཁྲིམས་གསར་བ་ལས་ད་རུང་གྲོས་ཁང་གི་བུད་མེད་ཀྱི་ཆེད་དབང་ལས་གནས་ཇེ་མང་དུ་བཏང་ཡོད་ལ། སྔོན་ཆད་ཀྱི15ནས18དུ་ཇེ་མང་ལ་བཏང་ཡོད་པར་མ་ཟད། སྲིད་ཏང་སོ་སོའི་འདེམ་སྒུག་པའི་མིང་ཐོའི་ཁྲོད་དུ། འདེམ་སྒུག་པ་གསུམ་གྱི་ཁྲོད་དུ་ཉུང་མཐར་ཡང་བུད་མེད་གཅིག་དགོས་པ་གཏན་འཁེལ་བྱས་ཡོད།

ཅོར་ཏན་གྱིས་རྒྱལ་བོའི་ཁྲིམས་འཛུགས་ལམ་ལུགས་ལག་བསྟར་བྱེད་པ་དང་། ཅོར་ཏན་གྱི་རྒྱལ་དམངས་གྲོས་ཁང་དེ་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གིས་གྲུབ་ཡོད། གྲོས་ཞུགས་ཁང་གི་གྲོས་མི་དེ་རྒྱལ་བོས་ཐད་ཀར་དུ་བསྐོ་འཇོག་བྱས་ཆོག་ལ། དམངས་གྲོས་ཁང་གི་གྲོས་མི་དག་འདེམ་བསྐོ་བྱེད་དགོས་པ་དང་། འགན་ཡུན་ལོ་ངོ་བཞི་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།