ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས162པ་ཚེས10ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བསྡུས། ཚོགས་འདུར་ཞུགས་པའི་ཕྱི་འབྲེལ་བློན་ཆེན་དག་གིས་གྲོས་ཚོགས་གྲོལ་རྗེས་གྲོས་མཐུན་བཀོད་པའི་ཆོད་དོན་ཁྲོད་དབྱི་སི་རལ་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།
གྲོས་ཆོད་ལས་བཤད་རྒྱུར། ཚོགས་ཞུགས་ཕྱི་འབྲེལ་བློན་ཆེན་དག་གིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ས་གནས་གང་རུང་ལ་ཚོད་འཛིན་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། དེའི་ནང་ཧྥེ་ཁྲིན་བར་ཁྱམས་དང་ལཱ་ཧྥ་རྒྱུ་ལམ་གྱི་ཕཱ་ལེ་སི་ཐན་ཕྱོགས་སོགས་འདུས་ཡོད་ལ། ཕཱ་ལེ་སི་ཐན་དང་ཨེ་ཅིབ་ཀྱི་རྒྱལ་མཚམས་ནི་ཐོགས་རེག་མི་རུང་བའི་བདག་དབང་གི་རྒྱལ་མཚམས་ཡིན་པར་འདོད།
ཚོགས་ཞུགས་ཕྱི་འབྲེལ་བློན་ཆེན་དག་གིས་ནན་གྱིས་བསྟན་དོན། ངེས་པར་དུ་བེད་སྤྱོད་བྱས་ཆོག་པའི་སྒྲིག་སྲོལ་ལྟར་དུ་ལཱ་ཧྥ་རྒྱུ་ལམ་གྱི་ཚོང་གཉེར་སྤེལ་དགོས་པ་དང་། བཀག་རྒྱ་ཡོད་ཚད་མེད་པར་བཏང་སྟེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བདེ་འཇགས་དང་མྱུར་མོར་རྒྱུ་ལམ་དུ་བརྒྱུད་ནས་བསྐྱལ་བར་འགན་སྲུང་བྱེད་དགོས་ཟེར།
ལཱ་ཧྥ་རྒྱུ་ལམ་དེ་ཅཱ་ཧྲའི་ལྷོ་ཕྱོགས་སུ་གནས་པ་དང་། ཨེ་ཅིབ་དང་འདབས་འབྲེལ་དུ་ཡོད་ལ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བའི་རྒྱུ་ལམ་གཙོ་བོ་ཞིག་ཡིན། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ5བའི་ཟླ་མགོར་ལཱ་ཧྥ་རྒྱུ་ལམ་གྱི་ཕཱ་ལེ་སི་ཐན་ཕྱོགས་བདག་བཟུང་བྱས་རྗེས། རྒྱུ་ལམ་དེ་རྒྱུན་དུ་བཀག་སྡོམ་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།