དབྱི་སི་ཐན་པོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཐུར་ཁེའི་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་བའི་ཨུ་ཡོན་ལྷན་ཁང་གིས་ཚེས10ཉིན་སྒོ་འབྱེད་ཀྱི་ཀྲུང་གོ། མཉམ་རྒྱལ་གྱི་འཛམ་གླིང་ཞེས་པའི་མཚམས་སྦྱོར་ཚོགས་འདུ་མཉམ་དུ་སྤེལ། ཚོགས་ཞུགས་མི་སྣ་བརྒྱ་ལྷག་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་། ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཉོ་ཚོང་མཉམ་ལས། ཐུར་ཁེའི་ཀྲུང་གོར་སོང་བའི་མི་སྣའི་སྟབས་བདེ་ཅན་གྱི་སྲིད་ཇུས་སོགས་ཀྱི་ཐད་ནས་ཉམས་མྱོང་མཉམ་སྤྱོད་བྱས།
དབྱི་སི་ཐན་པོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་དཔོན་པོ་ཝེ་ཞའོ་ཏུང་གིས་གཏམ་བཤད་སྤེལ་སྐབས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཐུར་ཁེའི་འབྲེལ་བའི་འཕེལ་རྒྱས་དང་། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གོ་སྐབས་གསར་བ་བསྐྲུན་དགོས། ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མུ་མཐུད་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མི་གཞུང་གི་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བའི་ལེའུ་གསར་བ་མཉམ་འབྲི་བྱེད་དགོས་ཟེར།
ཐུར་ཁེའི་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་བའི་ཨུ་ཡོན་ལྷན་ཁང་ཐུར་ཁེ་དང་ཀྲུང་གོའི་ལས་འཛིན་ཚོགས་པའི་ཀྲུའུ་ཞི་ཁི་ཨར་ཧན་ཁུའུ་ཨར་ཏི་ཨོ་ལུའུ་ཡིས་བསྟན་དོན། ཀྲུང་གོས་འཛམ་གླིང་གི་ས་ཁུལ་སོ་སོའི་དངུལ་གཏོང་མཁན་དང་ཁེ་ལས་པའི་བློ་ཁ་དྲངས་བཞིན་ཡོད་པ་དང་། ཀྲུང་གོས་བླངས་པའི་དཔལ་འབྱོར་གྲུབ་འབྲས་ལས་ཐུར་ཁེའི་ཁེ་ལས་མང་བོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་འདོན་སྤྲོད་བྱས་ཡོད་ལ། ཀྲུང་གོའི་ཁེ་ལས་དག་གིས་ཐུར་ཁེའི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་བྱེད་ནུས་གསར་བ་འདོན་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།
དབྱི་སི་ཐན་པོར་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨེ་ཧཱ་མེད་ཏི་ཨིག་ཙེ་ཨར་གྱིས་བསྟན་དོན། ཀྲུང་གོས་མི་ཀུན་གྱིས་དོ་སྣང་བྱེད་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གྲུབ་འབྲས་བླངས་ཡོད། ཀྲུང་གོས་རང་སྟེང་གི་གནས་ཚུལ་ལ་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་རིམ་པའི་བཅོས་བསྒྱུར་ཟབ་མོ་མངོན་འགྱུར་བྱས་ཏེ་ཚོང་རའི་གསོན་ཤུགས་སྐུལ་སྤེལ་བྱས་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འདོན་དང་ཐུར་ཁེའི་དཀྱིལ་དབུས་བར་ཁྱམས་ཀྱི་འཆར་གཞི་སྦྲེལ་མཐུད་གང་ལེགས་བྱས་ནས། ཐུར་ཁེ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་གོ་སྐབས་གསར་བ་བསྐྲུན་ཡོད་ཟེར།
ཚོགས་ཐོག་ནས་དབྱི་སི་ཐན་པོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཀྲུང་གོའི་བཟོ་ཚོང་དངུལ་ཁང་ཐུར་ཁེའི་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱིས་སོ་སོར་ཉེ་སྔོན་ལག་བསྟར་བྱས་པའི་ཀྲུང་ཕྱིའི་མི་སྣའི་འགྲོ་འོང་ལ་སྟབས་བདེ་བཟོ་བ་དང་ཀྲུང་གོར་ཡོང་བའི་ཕྱི་རྒྱལ་བའི་རྩིས་སྤྲོད་སྟབས་བདེ་ཅན་དུ་བཏང་བ་སོགས་ཀྱི་བྱེད་ཐབས་མཚམས་སྦྱོར་བྱས་པ་དང་། ཡུལ་དངོས་ནས་དོགས་གཞིར་ལན་བཏབ་པར་མ་ཟད་དཔེ་སྟོན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།