ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་གཉིས་ཀྱིས་ཚེས11ཉིན་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་གསར་བ་ཁྱབ་བསྒྲགས་བྱས་པ་དང་། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་སོ་སོར་ཝུའུ་ཁི་ལན་ལ་མེ་སྒོར་དུང་ཕྱུར་བདུན་དང་དབྱིན་ཇིའི་སྒོར་མོ་དུང་ཕྱུར་དྲུག་གི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
པུའུ་ལིན་ཁུན་གྱིས་ཉིན་དེར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ་དང་ལཱ་མུས་གཉིས་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་མེ་སྒོར་དུང་ཕྱུར་བདུན་ལྷག་གི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་ལྔ་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་དང་གློག་དྲ་སླར་གསོ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་བཀོལ་རྒྱུ་ཡིན་ལ། གཞན་ཡང་མེ་སྒོར་དུང་ཕྱུར་གཅིག་དང་ས་ཡ་ལྔ་མི་ཆོས་རིང་ལུགས་ཀྱི་ས་འོག་འགད་རྫས་གཙང་སེལ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།
པུའུ་ལིན་ཁུན་གྱིས་བཤད་རྒྱུར། ཁོས་འཚམས་འདྲི་བྱེད་སྐབས་ཝུའུ་ཁི་ལན་ཕྱོགས་དང་མཉམ་དུ་རྒྱང་བསྟེན་ཆམ་ཕབ་གཏོང་བའི་གནད་དོན་དང་གནད་དོན་གཞན་པ་རབ་དང་རིམ་པར་གྲོས་བསྡུར་བྱས་པ་དང་། ཕྱིར་རྒྱལ་ནང་དུ་ལོག་རྗེས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཝུའུ་ཁི་ལན་གྱི་རེ་འདོད་སྙན་ཞུ་བྱེད་རྒྱུ་ཡིན་ཟེར།
ལཱ་མུས་ཀྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱིན་ཇི་ཡིས་ཝུའུ་ཁི་ལན་ལ་དབྱིན་ཇིའི་སྒོར་མོ་དུང་ཕྱུར་དྲུག་ལྷག་གི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ནུས་ཁུངས་མ་ལག་སླར་གསོ་བྱེད་པ། སྤྱི་ཚོགས་གཏན་འཇགས་སྲུང་འཛིན་བྱེད་པ་བཅས་ཀྱི་ཐད་ལ་བཀོལ་རྒྱུ་ཡིན་ལ། འཛམ་གླིང་དངུལ་ཁང་གིས་ཝུའུ་ཁི་ལན་ཕྱོགས་ལ་བསྐྱིས་དངུལ་ཁག་ཁུར་འདོན་སྤྲོད་བྱེད་རྒྱུ་རེད་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། པུའུ་ལིན་ཁུན་དང་ལཱ་མུས་གཉིས་ཉིན་དེའི་སྔ་དྲོར་ཅི་ཧྥུའུ་རུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།