གསར་འགོད་པས་ཚེས13ཉིན་པེ་ཅིང་ནས་བསྡུས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁུལ་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལྡན་གྱི་གྲོས་ཚོགས་ཐེངས་ཞེ་བཞི་བའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱིས་དངོས་གཉེར་མཉམ་ལས་བྱས་ཏེ་ཕྱོགས་གསུམ་སྟོབས་ཤུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།
དེ་ནི་ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་དེའི་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་གཙོ་སྒྲུབ་བྱས་པའི་བྱ་འགུལ་གལ་ཆེན་ཞིག་རེད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨུ་རུ་སི་དཀར་པོ་དང་། རྒྱ་གར། དབྱི་ལིང་། ཧཱ་སག་སི་ཐན། ཀྲུང་གོ། ཅིར་ཅི་སི་སི་ཐན། ཕཱ་ཁི་སི་ཐན། ཨུ་རུ་སི། ཐཱ་ཅི་ཁི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་གཙོ་གཉེར་ལས་ཁུངས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས། ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱིས་ཨུ་རུ་སི་དཀར་པོ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པ་ཐོག་དང་པོར་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས་པ་དང་། དེ་ལས་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱིས་ཕྱོགས་གསུམ་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བའི་ནུས་པར་ཤུགས་སྣོན་བྱས་ཏེ། མཉམ་དུ་ས་ཁུལ་རང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པར་འདོད།
ཐེངས་འདིའི་གྲོས་ཚོགས་ནས་འདས་པའི་དུས་རིམ་ཞིག་གི་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་གནས་ཚུལ་ལ་སྤྱི་བསྡོམས་བྱས་པ་དང་། ཀྲུང་གོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་སྤེལ་བའི་ཉིས་སྟོང་ཉེར་བཞི་ལོའི་འཇིགས་སྐུལ་ངོ་རྒོལ་རོགས་ལས་ཞེས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་གཙོ་གཉེར་ལས་ཁུངས་ཀྱི་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་གྱི་སྦྱོང་བརྡར་དང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་གཉེར་ལས་ཁུངས་ཀྱི་མཐའ་སྲུང་སྡེ་ཁག་གི་མགོ་ཁྲིད་པའི་གྲོས་ཚོགས། དྲ་རྒྱའི་འཇིགས་སྐུལ་ངོ་རྒོལ་གྱི་གསོ་སྦྱོང་འཛིན་གྲྭ་སོགས་བྱ་འགུལ་གལ་ཆེན་རབ་དང་རིམ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁྲིམས་བསྟར་བདེ་འཇགས་མཉམ་ལས་རྐྱེན་སྲོལ་སྲ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། གཉིས་ཕན་མཉམ་ལས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པར་འདོད་ལ། མུ་མཐུད་དུ་གོང་སྨྲས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད།
གྲོས་ཚོགས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐཱ་ནཱའི་མཐོ་རིམ་གྲོས་ཚོགས་ཀྱི་བདེ་འཇགས་འཇིགས་ཉེན་དང་འགྲན་རྩོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་འབྲེལ་ཡོད་གྲོས་ཆོད་ལ་ཞིབ་འཇུག་བྱས་པ་དང་། ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལོ་ཧྲིལ་བོའི་བྱ་བའི་འཆར་གཞི་དང་འབྲེལ་ཡོད་ཀྱི་ཆེད་དོན་མཉམ་ལས་འཆར་གཞི་ལ་ཆོག་མཆན་བཀོད་དེ། གོ་རིམ་རྗེས་མར་ཕྱོགས་གསུམ་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བའི་དངོས་གཉེར་མཉམ་ལས་ཀྱི་ནང་དོན་ལ་འཆར་འགོད་བྱས།
ཕྱོགས་སོ་སོས་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ལག་བསྟར་ཨུ་ཡོན་ལྷན་ཁང་རྩ་འཛུགས་དང་ལས་བྱེད་པ། ནོར་སྲིད། དེ་མིན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཐལ་སྤྱོད་རིང་ལུགས་བཅས་ལ་ཆམ་ཕབ་གཏོང་བའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་རྨང་གཞིའི་གནད་དོན་ཐད་ནས་གྲོས་ཆོད་རབ་དང་རིམ་པ་བཀོད་ཡོད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་སྲོལ་གྲོས་ཚོགས་དེ2025ལོའི་ཟླ3པར་ཝུའུ་ཙི་པེ་ཁི་སི་ཐན་ནས་བསྡུ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།