རུ་ཝང་ཏཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོའི་བར་གྱི་མཉམ་ལས་ཀྱིས་རུ་ཝང་ཏཱའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད་པའི་ཚུལ་བསྟན།
2024.09.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

རུ་ཝང་ཏཱའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲང་ཨིན་ཏུའུ་ཧོང་ཅི་ལོས་ཧེ་ཡིས་ཚེས12ཉིན་ཅི་ཅཱ་ལེ་ནས་བསྟན་དོན། རུ་ཝང་ཏཱ་ཡིས་ཀྲུང་གོ་དེ་བློ་གཏད་རུང་བའི་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་ཟེར། ཁོས་རུ་ཝང་ཏཱ་དང་ཀྲུང་གོའི་མཉམ་ལས་ཀྱིས་རུ་ཝང་ཏཱའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན་པར་གདེང་འཇོག་ཆེན་པོ་བྱས།

ཨིན་ཏུའུ་ཧོང་ཅི་ལོས་ཧེ་ཡིས་རུ་ཝང་ཏཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་བསྡུས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། 1971ལོར་ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཚུན་ལ། རུ་ཝང་ཏཱ་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་ཡོད་ཟེར།

ཁོས་བཤད་རྒྱུར། ཀྲུང་གོ་ནི་རུ་ཝང་ཏཱའི་ཉོ་ཚོང་གྲོགས་པོ་གཙོ་བོའི་གྲས་ཡིན་ཞིང་། རུ་ཝང་ཏཱ་དང་ཀྲུང་གོའི་རྨང་གཞིའི་སྒྲིག་ཆས་དང་འཕྲོད་བསྟེན། ནུས་ཁུངས། སློབ་གསོ་སོགས་གནད་འགག་ཁྱབ་ཁོངས་ཀྱི་མཉམ་ལས་ལྷག་ཏུ་འབུར་ཐོན་དུ་མངོན་ཡོད་ལ། རུ་ཝང་ཏཱའི་དཔལ་འབྱོར་འཕེལ་རྒྱས་ཐད་སྐུལ་འདེད་ཆེན་པོ་བཏང་ཡོད་ཟེར།

ཨིན་ཏུའུ་ཧོང་ཅི་ལོས་ཧེ་ཡིས་རུ་ཝང་ཏཱ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།