སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།
2024.09.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཨར་ཝ་ལོས་སི་ཡིས་ཚེས13ཉིན་མཱ་ཏི་ལེ་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་རབ། དབྱི་སི་ལན་རྒྱལ་ཁབ་བཅས་ཀྱིས་ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དང་ཨ་རབ་དང་དབྱི་སི་ལན་གྱི་ཅཱ་ཧྲའི་གནད་དོན་གྱི་འབྲེལ་གཏུག་ཚན་ཆུང་གི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཉིན་དེར་མཱ་ཏི་ལེ་ནས་བསྡུས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཐཱ་ཧཱ། ཕཱ་ལེ་སི་ཐན་གྱི་ཙུང་ལི་མུའུ་སི་ཐཱ་ཧྥ་སོགས་གྲོས་ཚོགས་ལ་ཞུགས། ནོར་ཝེ་དང་སི་ལོ་ཝུན་ནེ་ཡཱ། ཨིར་ལན། དེ་མིན་སོ་ཏི་ཨ་རབ། ཐུར་ཁེ། ཨེ་ཅིབ། ཁཱ་ཐར་སོགས་རྒྱལ་ཁབ་ཀྱིས་ཀྱང་འཐུས་མི་མངག་ནས་ཚོགས་འདུར་ཞུགས་ཡོད་ཟེར།

ཨ་ཨར་ཝ་ལོས་སི་ཡིས་གྲོས་ཚོགས་མ་བསྡུས་གོང་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་གང་ལེགས་བྱེད་པའི་དུས་ཚོད་རེའུ་མིག་གཏན་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ཡོ་རོབ་གླིང་དང་ཨ་རབ། དབྱི་སི་ལན་རྒྱལ་ཁབ་བཅས་ཀྱིས་གྲོས་ཚོགས་སྟེང་གཅིག་མཐུན་གྱི་འབོད་སྐུལ་བཏང་སྟེ། མ་འོངས་པའི་གཟའ་འཁོར་འགའི་ནང་བསྡུ་རྒྱུ་ཡིན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་མ་འོངས་པ་ཐག་གཅོད་བྱེད་པའི་གྲོས་ཚོགས་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱེད་རྒྱུ་ཡིན་ཟེར།

ཨ་ཨར་ཝ་ལོས་སི་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་པ་དང་། དེའི་ཞོར་དུ་བཀག་འཇུག་ཐེབས་པའི་མི་སྣ་མྱུར་མོར་ཕྱིར་བཏང་སྟེ། གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ཅཱ་ཧྲ་ས་ཁུལ་ནས་བདེ་བླག་ངང་སྤེལ་ཐུབ་པར་བྱེད་དགོས་ཟེར། ཁོས་བཤད་རྒྱུར། འཐབ་འཁྲུག་དེ་ངེས་པར་དུ་མྱུར་མོར་མཇུག་སྒྲིལ་དགོས་ལ། ཇུས་གཞི་དེ་དངོས་འབེབས་བྱེད་པར་འགོར་འགྱངས་བྱེད་པའི་ཁ་གཡོར་ས་གཞན་མེད་པ་དང་། ཉེས་མེད་མི་སེར་དཀྱུས་མ་ས་ཡ་མང་བོས་དཀའ་སྡུག་མྱོང་བཞིན་ཡོད་ཟེར།

ཨ་ཨར་ཝ་ལོས་སི་ཡིས་ད་རུང་མྱུར་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་རྒྱལ་སྤྱིའི་ཞི་བདེའི་ཚོགས་ཆེན་བསྡུས་ཏེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

སི་ཕེན་གྱིས་ད་ལོའི་ཟླ་ལྔ་བར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་བླངས་པ་ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཕྱོགས་གཉིས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།