ཨེ་ཀྭ་ཏོར་གྱི་ཕྱི་འབྲེལ་དང་གནས་སྤོར་སྡོད་དམངས་ལས་དོན་པུའུ་ཡིས་ཚེས13ཉིན་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། ཨེ་ཀྭ་ཏོར་ཕྱོགས་ཀྱིས་ཚེས14ཉིན་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱག་རྒྱུ་མ་ཟད། གཞུང་ཚབ་ཁང་དེའི་ལས་དོན་ཞབས་ཞུ་དེ་ཁོ་ལོམ་པུ་ཡཱ་དང་ཕཱ་ནཱ་མཱའི་གཞུང་ཚབ་ལས་ཁུངས་སུ་སྤར་ནས་བསྒྲུབ་རྒྱུ་ཡིན་ཟེར།
ད་ལོའི་ཟླ4བར། ཨེ་ཀྭ་ཏོར་གྱི་བདེ་འཇགས་དམག་དཔུང་གིས་ཁྲབ་ལྡན་འཁོར་ལོ་བསྐོར་ནས་ཨེ་ཀྭ་ཏོར་དུ་སྡོད་པའི་མའོ་ཞི་ཁོའི་གཞུང་ཚབ་ཁང་དུ་སོང་ནས། གཞུང་ཚབ་ཁང་དེར་ཡོད་པའི་ཨེ་ཀྭ་ཏོར་སྔོན་ཆད་ཀྱི་ཙུང་ཐུང་ཀི་ལཱ་སི་འཛིན་བཟུང་བྱས། ཀི་ལཱ་སི་ཡིས་ལྐོག་བརྔན་བླངས་པ་དང་ཁྲིམས་འགལ་གྱིས་ཚོགས་ཁག་བཙུགས་པ་སོགས་ཀྱི་ཉེས་མིང་གིས་ལོ་འགར་དུས་བཀག་བཙོན་འཇུག་བྱས་པ་དང་། རྗེས་སུ་ཕྱིར་བཏང་། ན་ནིང་ཟླ12པར་ཨེ་ཀྭ་ཏོར་དུ་སྡོད་པའི་མའོ་ཞི་ཁོའི་གཞུང་ཚབ་ཁང་དུ་སོང་ནས་སྐྱབས་བཅོལ་བྱས། ཨེ་ཀྭ་ཏོར་ཕྱོགས་ཀྱིས་ད་ལོའི་ཟླ3པར་མའོ་ཞི་ཁོའི་གཞུང་ཚབ་ཁང་དུ་སོང་ནས་ཀི་ལཱ་སི་འཛིན་བཟུང་བྱེད་དགོས་པའི་རེ་བ་བཏོན་མྱོང་ཡང་མའོ་ཞི་ཁོ་ཕྱོགས་ཀྱིས་དང་ལེན་མ་བྱས། ཨེ་ཀྭ་ཏོར་ཕྱོགས་ཀྱིས་ཀི་ལཱ་སི་འཛིན་བཟུང་བྱས་རྗེས། མའོ་ཞི་ཁོ་ཡིས་མྱུར་མོར་ཨེ་ཀྭ་ཏོར་བར་གྱི་འབྲེལ་ཐག་བཅད་པ་དང་། ས་ཁུལ་གྱི་རྩ་འཛུགས་རེ་འགའ་དང་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་མང་བོས་ཀྱང་ཨེ་ཀྭ་ཏོར་ལ་སྐྱོན་འཛུགས་བྱས། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ཨེ་ཀྭ་ཏོར་དུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ་ནས། ཨེ་ཀྭ་ཏོར་ཕྱོགས་བཙན་ཤེད་ཀྱིས་ཨེ་ཀྭ་ཏོར་དུ་སྡོད་པའི་མའོ་ཞི་ཁོའི་གཞུང་ཚབ་ཁང་སོང་བར་རྒོལ་གཏམ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།