ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས13ཉིན་ཕོ་བྲང་དཀར་པོ་ནས་ཨ་མེ་རི་ཁར་འཚམས་འདྲི་བྱེད་བཞིན་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་དང་། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སོགས་གྲོས་གཞིའི་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། ཝུའུ་ཁི་ལན་གྱིས་རོགས་སྐྱོར་བྱས་པའི་རྒྱང་བསྟེན་མཚོན་ཆ་བཀོལ་ནས་ཨུ་རུ་སིའི་དམིགས་འབེན་ལ་ཆམ་ཕབ་བཏང་ཆོག་མིན་ཐད་ནས་ཆོད་དོན་སྤེལ།
སི་ཐཱ་མའོ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་སྨྱན་བྱད་ལ་བསྟན་དོན། ཁོ་དང་པེད་ཏིན་གྱིས་རྒྱ་ཆེ་བའི་འཐབ་ཇུས་གྲོས་བསྡུར་བྱས་ཀྱང་། དེ་ནི་དམིགས་གཏད་ཀྱི་དམག་དོན་ནུས་པའི་སྐོར་གྱི་གྲོས་ཚོགས་ཤིག་མིན་ཟེར། ཁོས་ད་རུང་བསྟན་དོན། མ་འོངས་པའི་གཟའ་འཁོར་འགའ་དང་ཟླ་ངོ་འགའི་ནང་ལྷག་ཏུ་གནད་འགག་ཡིན་པར་མངོན་པས། ཝུའུ་ཁི་ལན་ལ་རྒྱབ་སྐྱོར་གང་ལེགས་བྱེད་དགོས་པ་ནན་བཤད་བྱས།
ཉིག་ཡའོ་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་འདོན་སྤྲོད་བྱས་པའི་རྒྱང་བསྟེན་མཚོན་ཆ་བཀོལ་ནས་ཨུ་རུ་སིར་ཆམ་ཕབ་བཏང་ཆོག་མིན་དེ་ཨ་མེ་རི་ཁ་དང་དབྱིན་ཇིའི་མགོ་ཁྲིད་པའི་མཐོང་དཀོན་པའི་རྩོད་གླེང་ཞིག་ཏུ་གྱུར་ཡོད་ལ། དེ་ལས་པེད་ཏིན་གྱིས་ཉེན་ཁ་ཆེ་ཞིང་གཞི་རྒྱ་སྔར་ལས་ཆེ་བའི་འཁྲུག་རྩོད་ཅིག་འབྱུང་བར་སེམས་ཁུར་བྱེད་བཞིན་པ་མཚོན་ཡོད་ཟེར།
ཕོ་བྲང་དཀར་པོས་གྲོས་མོལ་བྱས་རྗེས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ད་རུང་དབྱི་སི་རལ་གྱི་བདེ་འཇགས་ཐད་ཀྱི་དམ་བཅའ་བརྟན་པོ་བསྐྱར་སྒྲོག་བྱས་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བར་དགོས་གལ་ཆེ་བ་ནན་བཤད་བྱས་པར་མ་ཟད། ཅཱ་ཧྲ་ས་ཁུལ་ལ་སྔར་ལས་མང་བའི་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད་པ་དང་། དབྱི་སི་རལ་གྱིས་མི་སེར་དཀྱུས་མའི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེན་བརྡ་བཏང་སྟེ། གལ་ཏེ་ཝུའུ་ཁི་ལན་གྱིས་རྒྱང་བསྟེན་མཚོན་ཆ་བེད་སྤྱོད་བྱེད་པར་ཆོག་མཆན་བཀོད་ན། ནུབ་ཕྱོགས་རྒྱལ་ཁབ་དག་དང་ཨུ་རུ་སི་འཐབ་འཁྲུག་གི་རྣམ་པ་གནས་པ་མཚོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།