ཨེ་ཅིབ་ཡུལ་སྐོར་པུའུ་ཀྲང་གིས་ཀྲུང་གོའི་བར་གྱི་ཡུལ་སྐོར་དང་གནའ་རྫས་རྟོག་ཞིབ་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།
2024.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཨེ་ཅིབ་ཀྱི་ཡུལ་སྐོར་དང་རིག་དངོས་པུའུ་ཀྲང་ཧྥ་ཐི་ཞེ་ཡིས་ཚེས17ཉིན་རྒྱལ་ས་ཁེ་རོ་ནས་གསར་འགོད་པར་སྣེ་ལེན་བྱེད་པའི་ཚོགས་འདུ་བསྡུས་ཏེ་བསྟན་དོན། ཀྲུང་གོའི་བར་གྱི་ཡུལ་སྐོར་དང་གནའ་རྫས་རྟོག་ཞིབ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཧྥ་ཐི་ཞེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་སྲ་བརྟན་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་འཚམས་འདྲི་མཛད་དེ་ཕན་འབྲས་ལྡན་པའི་མཉམ་ལས་རྒྱ་ཆེར་སྤེལ་རྗེས། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་ཟེར།

ཧྥ་ཐི་ཞེ་ཡིས་ཀྲུང་གོས་སྤེལ་བཞིན་པའི་གཏོར་གཟུགས་མཆོད་རྟེན་གྱི་ཡང་རྩེ་སྟེ་ཨེ་ཅིབ་ཀྱི་དཔལ་ཡོན་ཆེན་མོའི་འགྲེམ་སྟོན་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་ལུའུ་ཁི་སོ་མིན་ཐུའུ་ལྷ་ཁང་གི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ལས་གཞི་ལ་གདེང་འཇོག་མཐོན་པོ་བྱས་པར་མ་ཟད། ཨེ་ཅིབ་དང་འདྲ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་འོད་སྟོང་འབར་བའི་དཔལ་ཡོན་ལྡན་པའི་ཀྲུང་གོའི་བར་གྱི་རིག་གནས་བརྗེ་རེས་དང་གནའ་རྫས་རྟོག་ཞིབ་ཀྱི་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཧྥ་ཐི་ཞེ་ཡིས་ད་རུང་བསྟན་དོན། མིག་སྔར་ཨེ་ཅིབ་ཀྱིས་ལོ་རེར་ཀྲུང་གོའི་ཡུལ་སྐོར་བ་འབུམ་གཉིས་ཙམ་ནང་འགུག་བྱས་ནས་ཨེ་ཅིབ་ཏུ་ཡུལ་སྐོར་བྱེད་བཞིན་ཡོད་པ་དང་། ཨེ་ཅིབ་ཀྱིས་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཡུལ་སྐོར་བའི་ཁ་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན། ཀྲུང་གོས་སྤེལ་བའི་ཡུལ་སྐོར་འགྲེམ་སྟོན་ཚོགས་འདུ་ལས་གཞན། ཨེ་ཅིབ་ཀྱི་ཡུལ་སྐོར་སྡེ་ཁག་གིས་ད་རུང་ཀྲུང་གོའི་ཡུལ་སྐོར་ཚོང་གཉེར་བའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། གྲོས་ཚོགས་དང་གྲོས་མོལ། བགྲོ་གླེང་ཚོགས་འདུ་སོགས་ཀྱི་ཐབས་ལ་བརྟེན་ནས་ཨེ་ཅིབ་དང་ཀྲུང་གོའི་ཡུལ་སྐོར་མཉམ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།