ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཀྲང་ཨ་པུའུ་ཡཱ་ཏི་ཡིས་ཚེས17ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་ལེ་པཱ་ནུན་གྱི་ས་ཁུལ་མང་བོར་འབོད་གཏོང་སྒྲིག་ཆས་འགས་གཏོར་བྱུང་བའི་དོན་རྐྱེན་ལས་ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཉིས་དང་བརྒྱད་བརྒྱ་ཙམ་ལ་རྨས་ཕོག་ཟེར།
ཨ་པུའུ་ཡཱ་ཏི་ཡིས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་མིའི་གྲས་སུ་བྱིས་པ་གཅིག་ཡོད་ལ། རྨས་ཕོག་པའི་མི་མང་ཆེ་བས་ལག་པར་རྨས་ཕོག་ཡོད། མིག་སྔར་མི200ལྷག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
ལེ་པཱ་ནུན་དུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་དུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་ཨ་མཱ་ནེ་ལ་འབོད་གཏོང་སྒྲིག་ཆས་ཀྱི་འགས་གཏོར་ཁྲོད་རྨས་ཡང་མོ་ཕོག་ཡོད་ཀྱང་སྤྱིའི་གནས་ཚུལ་བཟང་ཟེར།
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ས་ཁུལ་སོ་སོར་བྱུང་བའི་འབོད་གཏོང་སྒྲིག་ཆས་ཀྱི་འགས་གཏོར་དོན་རྐྱེན་ལ་འགན་ཁུར་དགོས་པ་དང་། དབྱི་སི་རལ་ལ་དྲང་བདེན་གྱི་ཆད་གཅོད་ཐོབ་ངེས་ཡིན་ཟེར།
ལེ་པཱ་ནུན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་དྲ་རྒྱའི་དཔུང་འཇུག་སྤེལ་བར་རྒོལ་གཏམ་བཏང་བ་དང་། དེ་ནི་བསམ་བཞིན་ལས་པའི་ཐལ་དྲགས་པའི་བྱ་སྤྱོད་ཅིག་ཡིན་ལ། ལེ་པཱ་ནུན་བར་གྱི་འཁྲུག་རྩོད་ཚབས་ཆེན་དུ་བཟོས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ལེ་པཱ་ནུན་གྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དབྱི་སི་རལ་ཞུ་གཏུག་བྱེད་པའི་ལས་རིམ་མགོ་རྩོམ་རྒྱུ་ཡིན་ཐག་བཅད།
ལེ་པཱ་ནུན་གྱི་སློབ་གསོ་པུའུ་ཀྲང་ཧཱ་ལཱ་པུས་ཀྱིས་ཁྱབ་བསྒྲགས་བྱས་དོན། ལེ་པཱ་ནུན་གྱི་ལས་རིགས་སོ་སོའི་སློབ་གྲྭ་ཚང་མས་ཚེས18ཉིན་སྒོ་བརྒྱབ་ནས་དབྱི་སི་རལ་གྱི་དམག་དཔུང་གི་ནག་ཉེས་བྱ་སྤྱོད་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས17ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེའི་ཁོངས་མི་མང་བོས་བཟུང་ཡོད་པའི་འབོད་གཏོང་སྒྲིག་ཆས་ལ་ཉིན་དེའི་ཕྱི་དྲོར་འགས་གཏོར་བྱུང་ནས། བུ་མོ་ཆུང་ཆུང་ཞིག་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་མི་གཉིས་རྐྱེན་ལམ་དུ་ཤོར་བར་མ་ཟད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མི་སྣ་མང་བོར་རྨས་ཕོག་ཡོད་ཟེར། ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡི་སྤྱི་བའི་འཕྲོད་བསྟེན་བྲེལ་མྱུར་འགུལ་སྐྱོད་ལྟེ་གནས་ཀྱིས་བྲེལ་མྱུར་གསལ་སྒྲོག་སྤེལ་ཏེ། འབོད་གཏོང་སྒྲིག་ཆས་བཟུང་ཡོད་པའི་མང་ཚོགས་ཚང་མས་མྱུར་མོར་སྒྲིག་ཆས་དེ་མེད་པར་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།