ཝུའུ་ཁི་ལན་གྱིས་བདེ་འཇགས་དང་རྒྱལ་སྲུང་གི་སྔོན་རྩིས་འགྲོ་སོང་ཁ་སྣོན་བྱས།
2024.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཝུའུ་ཁི་ལན་གྱི་ནོར་སྲིད་པུའུ་ཡི་དཔོན་ཕྱོགས་དྲ་ཚིགས་ཀྱིས་ཚེས18ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཉིན་དེར་སྔོན་རྩིས་བཟོ་བཅོས་འཆར་ཟིན་ལ་གྲོས་མཐུན་བཀོད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་སྲུང་གི་འགྲོ་སོང་ཐད་དུ་ཝུའུ་ཁི་ལན་གྱི་སྒོར་མོ་ཁྲག་ཁྲིག་བཞི་དང་ཐེར་ཆེན་དགུ་ཐེར་འབུམ་ལྔ་དུང་ཕྱུར་གསུམ་ཁ་སྣོན་བྱས།

ཝུའུ་ཁི་ལན་གྱི་གྲོས་མི་རི་ལེ་ཙི་ནེ་ཡཱ་ཁི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། སྔོན་རྩིས་བཟོ་བཅོས་འཆར་ཟིན་དེར་འདེམ་ཤོག298གྱིས་རྒྱབ་སྐྱོར་བྱས་པ་དང་། བཅའ་ཁྲིམས་འཆར་ཟིན་དེར་གྲོས་མཐུན་འགོད་པར་མཁོ་བའི་འདེམ་ཤོག226ལས་རིང་དུ་བརྒལ་ཡོད། དེ་ལས་ད་ལོར་ཝུའུ་ཁི་ལན་གྱིས་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཐད་ཀྱི་སྔོན་རྩིས་འགྲོ་སོང་ཝུའུ་ཁི་ལན་གྱི་སྒོར་མོ་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་བདུན་ཐེར་ཆེན་གསུམ་ལ་བསླེབས་ནས་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད་པ་མཚོན།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་ཟླ7པའི་ཚེས་19ཉིན་དྲ་ཐོག་ཏུ་སྔོན་རྩིས་བཟོ་བཅོས་འཆར་ཟིན་གྱི་མ་དངུལ་བགོ་བཤའི་ཐད་ཀྱི་བྱེ་བྲག་གི་ནང་དོན་ཁྱབ་བསྒྲགས་བྱས། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། མ་དངུལ་ཁ་སྣོན་བྱས་པ་དེ་ཐད་ཀར་དུ་རྒྱལ་སྲུང་པུའུ་ལ་སྟེར་རྒྱུ་ཡིན་པ་དང་། དེའི་ནང་ཝུའུ་ཁི་ལན་གྱི་སྒོར་མོ་ཁྲག་ཁྲིག་གཉིས་དང་ཐེར་ཆེན་དྲུག་ཐེར་འབུམ་དགུ་དུང་ཕྱུར་ལྔ་དམག་མིར་ཁ་གསབ་རོགས་དངུལ་དང་དབང་བོ་སྐྱོན་ཅན་གྱི་དམག་མིར་དཔལ་འབྱོར་རོགས་སྐྱོར་སྟེར་བའི་ཐད་བཀོལ་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་སྒོར་མོ་ཐེར་ཆེན་བཞི་དང་ཐེར་འབུམ་བདུན་ལྷག་ཉོ་སྡུད་དང་དམག་དོན་སྒྲིག་ཆས་ཀྱི་རིམ་སྤོར་ཐད་བཀོལ་རྒྱུ་ཡིན། ཝུའུ་ཁི་ལན་གྱི་སྒོར་མོ་ཐེར་ཆེན་བཞི་འགོག་སྲུང་འཐབ་ར་ཇེ་བརྟན་དུ་གཏོང་བའི་ཐད་བཀོལ་རྒྱུ་ཡིན་ལ། ཝུའུ་ཁི་ལན་གྱི་སྒོར་མོ་ཐེར་འབུམ་བཞི་དང་དུང་ཕྱུར་བདུན་མཁོ་སྒྲུབ་ལ་ཤུགས་སྣོན་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་སྒོར་མོ་ཐེར་འབུམ་བརྒྱད་དང་དུང་ཕྱུར་དགུ་ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་དམིགས་བསལ་སྐྱེལ་འདྲེན་ཅུའུ་ལ་སྟེར་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།