ཨེ་ཅིབ་ཀྱི་ཙུང་ཐུང་དང་པུའུ་ལིན་ཁུན་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བར་གྲོས་བསྡུར་བྱས།
2024.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས18ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་སྔར་བཞིན་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་ཡིན་པར་འདོད། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ད་རུང་ཇི་ལྟར་ཨེ་ཅིབ་དང་ཁཱ་ཐར། ཨ་མེ་རི་ཁ་བཅས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པ་བཅས་ཐད་ཀྱི་མཉམ་ལས་གནད་དོན་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས།

སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཀྱིས་ས་ཁུལ་གྱི་འཁྲུག་རྩོད་དེ་ཛ་དྲག་ཏུ་གྱུར་ནས་རྒྱ་ཡན་དུ་འགྲོ་བར་ངོ་རྒོལ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ཕྱོགས་སོ་སོས་འགན་འཁྲི་ཁུར་དུ་ལེན་དགོས་པའི་འབོད་སྐུལ་བཏང་། ཁོས་ཨེ་ཅིབ་ཀྱིས་ལེ་པཱ་ནུན་གྱིས་བདེ་འཇགས་དང་གཏན་འཇགས། བདག་དབང་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།