ཕུའུ་ཅིན་གྱིས་ཐི་ལིང་ཕུའུ་ལ་ཝུའུ་ཁི་ལན་གྱི་གནད་དོན་དང་འབྲེལ་བའི་བསམ་འཆར་བཏོན།
2025.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས14ཉིན།ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཙུང་ཐུང་ཕུའུ་ཅིན་གྱི་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་བརྒྱུད་དེ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་བསམ་འཆར་བརྒྱུད་སྒྲོག་བྱས།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་གྱིས་ཚེས13ཉིན་གྱི་དགོང་མོར་ཝེ་ཐི་ཁི་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས། ཚོགས་འདུ་གྲོལ་རྗེས་ཕུའུ་ཅིན་ལ་ཝུའུ་ཁི་ལན་གྱི་གནད་དོན་ལ་འབྲེལ་བའི་གནས་ཚུལ་འདོན་སྤྲོད་བྱས་ཡོད་ཟེར། ཕའེ་སི་ཁི་ཧྥུའུ་ཡིས་བསྐྱར་སྒྲོག་བྱས་དོན། ཕུའུ་ཅིན་གྱིས་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱང་། དོན་དག་རེ་འགའ་ཞིག་སྔར་བཞིན་མཉམ་དུ་ཐག་གཅོད་བྱེད་དགོས་ལ། སྔར་བཞིན་བྱ་བ་མང་བོ་བསྒྲུབ་དགོས་ཟེར།

ཁོས་ད་རུང་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གི་གྲོས་མོལ་དུས་ཚོད་གཏན་འཁེལ་བྱས་མེད་པ་དང་། བྱེ་བྲག་གི་དུས་ཚོད་ནི་ཝེ་ཐི་ཁི་ཧྥུའུ་ཡིས་ཐི་ལིང་ཕུའུ་ལ་གནས་ཚུལ་སྙན་ཞུ་བྱས་རྗེས་གཏན་འཁེལ་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྭ་ཨར་ཙི་ཡིས་ཉེ་སྔོན་ཨ་མེ་རི་ཁའི་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་མདུན་ལྗོངས་ཐད་སེམས་ཆུང་གི་རྣམ་འགྱུར་བཟང་བོ་བཅངས་ཡོད་ཟེར། ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཀྱང་རྣམ་འགྱུར་གཅིག་མཚུངས་བཟུང་ཡོད་ཟེར།

ཝེ་ཐི་ཁི་ཧྥུའུ་ཚེས13ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་རུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། ཐཱ་སི་གསར་འགྱུར་ཁང་གིས་ཚེས14ཉིན་བསྒྲགས་པ་ལྟར་ན། ཝེ་ཐི་ཁི་ཧྥུའུ་ཉིན་དེར་གནམ་གྲུར་བསྡད་དེ་མའོ་སི་ཁོ་དང་བྲལ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།