ཏན་མག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཀི་ལིན་ལན་གླིང་ཕྲན་སྔར་བཞིན་དུ་ཏན་མག་རྒྱལ་བོའི་རྒྱལ་ཁབ་ཀྱི་ཁག་ཅིག་ཡིན་པའི་ཚུལ་བསྟན།
2025.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས14ཉིན།ཏན་མག་གི་ཕྱི་འབྲེལ་བློན་ཆེན་ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ཀི་ལིན་ལན་གླིང་ཕྲན་ནི་སྔར་བཞིན་ཏན་མག་རྒྱལ་བོའི་རྒྱལ་ཁབ་ཀྱི་ཁག་ཅིག་ཡིན་པ་དང་། སྣང་ཚུལ་གང་རུང་ལས་ཀི་ལིན་ལན་གྱི་མི་རྣམས་ཏན་མག་དང་བྲལ་ནས་ཨ་མེ་རི་ཁའི་མིར་འགྱུར་འདོད་པའི་སྣང་ཚུལ་ཅི་ཡང་མེད་ཟེར།

ཏན་མག་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ལཱ་སི་མུའུ་སིན་གྱིས་སྨྱན་བྱད་ལ་བཤད་རྒྱུར། གལ་ཏེ་མི་ལ་ལས་ཉེ་སྔོན་བསྡུས་པའི་ཀི་ལིན་ལན་གླིང་ཕྲན་རང་སྐྱོང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་གྱི་གྲུབ་འབྲས་ལས་ཀི་ལིན་ལན་གླིང་ཕྲན་དེ་སང་ཉིན་སྒེར་ཚུགས་སུ་འགྱུར་སྲིད་པར་འདོད་ན། དེ་ནི་འདེམ་བསྐོའི་མཇུག་འབྲས་ལ་གོ་བ་ལོག་པས་ཡིན་ཟེར།

ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ཏན་མག་སྲིད་གཞུང་གིས་ཀི་ལིན་ལན་གླིང་ཕྲན་རང་སྐྱོང་སྲིད་གཞུང་གིས་མཉམ་དུ་འབད་བརྩོན་བྱས་ནས། ཀི་ལིན་ལན་གླིང་ཕྲན་གྱི་དཔལ་འབྱོར་སྔར་ལས་དར་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

ཀི་ལིན་ལན་གླིང་ཕྲན་གྱིས་ཟླ3པའི་ཚེས11ཉིན་རང་སྐྱོང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ངོ་རྒོལ་ཏང་དམངས་གཙོ་ཏང་ལ་བཅུ་ཆའི་གསུམ་གྱི་འདེམ་ཤོག་ཐོབ་ནས་ཏང་ཁག་ཆེན་མོ་དང་པོར་གྱུར། ཏང་ཁག་གང་རུང་ལ་ཕྱེད་གྲངས་ལས་བརྒལ་བའི་ལས་གནས་ཐོབ་མེད་པས། འདེམ་ཤོག་ཐོབ་པ་ཆེས་མང་བའི་དམངས་གཙོ་ཏང་གིས་གྲོས་ཁང་གི་ནཱ་ལའེ་ཁི་ཏང་དང་ཡུན་ཉིག་ཐི་མིའི་ཐུན་མོང་ཚོགས་པའི་ཏང་སོགས་སྲིད་ཏང་གིས་གྲོས་བསྡུར་བྱས་ནས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་དགོས་བྱུང་བ་རེད།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས13ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་ལ་ཐུག་འཕྲད་བྱེད་སྐབས་ཡང་བསྐྱར་ཀི་ལིན་ལན་གླིང་ཕྲན་ལེན་རྒྱུའི་ཚུལ་བསྟན་པར་མ་ཟད། གླིང་ཕྲན་དེར་སྔར་ལས་མང་བའི་ཨ་མེ་རི་ཁའི་དམག་དཔུང་མངག་གཏོང་བྱེད་རྒྱུའི་ཚུལ་བསྟན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།