བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཡོ་རོབ་གླིང་དང་ཨ་མེ་རི་ཁས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་རྗེས་ཨུ་རུ་སི་དང་མཉམ་དུ་རིམ་བཞིན་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་རྒྱུའི་ཚུལ་བསྟན།
2025.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས14ཉིན།བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་ཡིས་ཝ་ཧྲིན་ཐོན་ནས་བསྟན་དོན། ཡོ་རོབ་གླིང་དང་ཨ་མེ་རི་ཁས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་རྗེས་ཨུ་རུ་སི་དང་མཉམ་དུ་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་རྒྱུ་ཡིན་ཟེར།

ལོའུ་ཐི་ཡིས་ཉིན་དེར་ཕིན་པའོ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་དང་ཨ་མེ་རི་ཁས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་རྗེས་རིམ་བཞིན་ཨུ་རུ་སིའི་བར་གྱི་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་རྒྱུ་ཡིན་པ་དང་། ཁོས་མིག་སྔའི་གྲོས་མོལ་གནས་བབ་ལ་སེམས་ཆུང་གི་རྣམ་འགྱུར་བཟང་བོ་བཟུང་ཡོད་ལ། ཞོར་དུ་ཨུ་རུ་སིར་ལྷད་མེད་ཀྱི་རྣམ་འགྱུར་འཛིན་མི་ཉན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་མའོ་སི་ཁོ་ལ་གནོན་ཤུགས་ཆེན་པོ་བྱིན་ནས། ཨུ་རུ་སིའི་ཕྱོགས་ནན་ཏན་གྱིས་ཞི་བའི་གྲོས་མོལ་ལ་ཞུགས་པར་འགན་སྲུང་བྱེད་དགོས་ཟེར།

ལོའུ་ཐི་ཡིས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་དེ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་པུའུ་ཡི་བསམ་བློ་གཏོང་སའི་གྲས་སུ་མེད་ཟེར། ཁོས་བཤད་རྒྱུར། བྱེད་ཐབས་མང་བོས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་ཐུབ་ཀྱང་བྱང་ཆིངས་རྩ་འཛུགས་ཀྱི་མིང་ཐོག་ནས་ཐེ་གཏོགས་བྱེད་དཀའ་ཟེར།

ལོའུ་ཐི་ཡིས་ཚེས13ཉིན་ཕོ་བྲང་དཀར་པོ་ནས་ཐི་ལིང་ཕུའུ་དང་གྲོས་མོལ་བྱས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དམག་དོན་གྲོན་དངུལ་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།