ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ་ཡིས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་མ་ཡིག་གཏན་འབེབས་བྱས།
2025.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས14ཉིན།ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་དང་བརྙན་རིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་མ་ཡིག་གཏན་འབེབས་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མིང་འགོད་པར་སྒུག་ཡོད་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཉིན་དེར་དྲ་ཐོག་བརྙན་རིས་བརྒྱུད་དེ་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ80འགོར་བར་རྗེས་དྲན་བྱས། ཕུའུ་ཅིན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོ་དང་མཉམ་ལས་ཀྱི་ཆིངས་ཡིག་མ་ཡིག་ལ་གྲོས་འཆམ་བྱུང་ཡོད་པ་དང་། མཱ་ཏུའུ་ལོ་ཡིས་ཨུ་རུ་སིར་འཚམས་འདྲི་བྱེད་སྐབས་ཆིངས་ཡིག་དེ་བཀོད་ཆོག་ལ། ཆིངས་ཡིག་དེས་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རིམ་པ་མང་བོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་པར་རེ་བས་ཁེངས་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་རིང་ཞིང་། ད་ལྟ་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་ཡོད། མཛའ་མཐུན་འབྲེལ་བ་དེ་རིགས་མཛའ་བརྩེ་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་གྱི་ཁེ་ཕན་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་འཛུགས་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་འཚམ་ཟེར།

མཱ་ཏུའུ་ལོ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རིམ་བཟང་བོར་བསླེབས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་འཐབ་ཇུས་མཐོང་སྣེ་གཅིག་མཐུན་ཡོང་བར་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ནས་བདེ་བླག་ངང་མཉམ་ལས་སྤེལ་བཞིན་ཡོད།

ཝེ་ནེ་ཙུའེ་ལཱ་ཡིས་ཨུ་རུ་སིའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

གྲོས་མོལ་བྱེད་སྐབས། ཕུའུ་ཅིན་གྱིས་མཱ་ཏུའུ་ལོ་ཟླ5བའི་ཚེས9ཉིན་མའོ་སི་ཁོ་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འགོར་བའི་རྗེས་དྲན་མཛད་སྒོར་ཞུགས་པར་གདན་ཞུ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།