སྐབས་ཉི་ཤུ་པའི་པཱ་ཁུའུ་འཛམ་གླིང་ཡོངས་ཀྱི་གླེང་སྟེགས་ནས་ཕྱོགས་མང་རིང་ལུགས་གཙོར་བཟུང་ཡོད།
2025.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས13ཉིན།སྐབས་ཉི་ཤུ་པའི་པཱ་ཁུའུ་འཛམ་གླིང་ཡོངས་ཀྱི་གླེང་སྟེགས་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་བསྡུས། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་འཛམ་གླིང་གི་སྒྲིག་སྲོལ་ལ་ཡང་བསྐྱར་བསམ་བློ་གཏོང་བ་སྟེ། འགྲན་རྩོད་དེ་གོ་སྐབས་སུ་བསྒྱུར་དགོས་ཞེས་པ་དེ་ཡིན་ལ། ཚོགས་ཞུགས་མཁན་གྱིས་མིག་སྔའི་འཛམ་གླིང་རང་བཞིན་གྱི་གནད་དོན་དང་ཕྱོགས་མང་ཕྱི་འབྲེལ། སྣེ་མང་འཛམ་གླིང་གི་སྒྲིག་སྲོལ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས།

འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དྲུག་ཅུ་ལྷག་གིས་ཆབ་སྲིད་ལས་རིགས་ཀྱི་མི་སྣ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་དཔོན་རིགས་སོགས་མི་བཞི་བརྒྱ་ཙམ་གླེང་སྟེགས་བྱ་འགུལ་ལ་ཞུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀའེ་དབྱེ་ལའེ་ཏི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། མིག་སྔའི་འཛམ་གླིང་དེ་སྤྱི་ཚོགས་ནས་དྲ་རྒྱའི་བར་སྟོང་སོགས་ཕྱོགས་སོ་སོར་ཕྱོགས་མང་རིང་ལུགས་མཁོ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ངེས་མེད་དུ་ཁོངས་གཏོགས་རྒྱལ་ཁབ་དག་འཕེལ་རིམ་དེའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

ཚོགས་འདུར་ཞུགས་པའི་ཀྲུང་གོའི་མི་དམངས་ཕྱི་འབྲེལ་སློབ་ཚོགས་འཐུས་ཚབ་ཚོགས་པའི་ཚོགས་གཙོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཝུའུ་ཧོང་པའོ་ཡིས་བསྟན་དོན། འཛམ་གླིང་ཧྲིལ་བོ་ཧ་ཅང་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་སྒྲིག་སྲོལ་བསྐྱར་འཛུགས་བྱེད་པའི་འཕེལ་རིམ་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱུ་མཚན་ནི་དེ་དག་གིས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཚབ་བྱས་ཡོད་པས་ཡིན་ཟེར།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་གིས་ངེས་པར་དུ་སྣེ་མང་འཛམ་གླིང་ལ་ཕྱོགས་ཡོངས་རྒྱབ་སྐྱོར་བྱེད་དགོས་པ་དང་། ཡོ་རོབ་གླིང་གི་མིས་ངེས་པར་དུ་སྔར་ལས་ལྷག་པའི་ཡིད་ཆེས་དང་མཐུན་སྒྲིལ་ལྡན་པར་བྱེད་དགོས་ལ། དེ་ཡོ་རོབ་གླིང་གི་མ་འོངས་པར་འབྲེལ་ཡོད་ཟེར།

པཱ་ཁུའུ་འཛམ་གླིང་ཡོངས་ཀྱི་གླེང་སྟེགས་དེས2013ལོར་གླེང་སྟེགས་ཐོག་མ་སྤེལ་བ་ཡིན་ལ། སྐབས་འདིའི་གླེང་སྟེགས་དེ་ཚེས15ཉིན་མཇུག་སྒྲིལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།