སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚེ་ཡིས་ཚེས8ཉིན་རྒྱལ་ཚོགས་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཨ་མེ་རི་ཁས་སིང་ག་ཕོར་ལ་སྒོ་ཁྲལ་ཁ་སྣོན་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་དང་འགལ་ཡོད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་ཡང་འགལ་ཡོད་ཟེར།
ཧོང་ཞོན་ཚེ་ཡིས་བསྟན་དོན། སིང་ག་ཕོར་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་རང་དབང་ཉོ་ཚོང་གྲོས་ཆོད་ཡོད་པར་མ་ཟད། སིང་ག་ཕོར་གྱིས་ཨ་མེ་རི་ཁ་ནས་ནང་འདྲེན་བྱེད་པའི་གཞི་རྒྱ་དེ་ཨ་མེ་རི་ཁས་སིང་ག་ཕོར་ནས་ཉོ་བསྡུ་བྱེད་པ་ལས་མང་བར་མངོན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ལག་བསྟར་བྱེད་པའི་སྒོ་ཁྲལ་ཁ་སྣོན་གྱི་བྱེད་ཐབས་དེ་ནི་ཨ་མེ་རི་ཁའི་བར་ཉོ་ཚོང་བར་ཁྱད་ཡོད་པའི་རྒྱལ་ཁབ་ལ་དམིགས་པ་ཡིན་ན། སིང་ག་ཕོར་གྱི་ཚོང་རྫས་ལ་སྒོ་ཁྲལ་གང་ཡང་བསྡུ་མི་རུང་ཡང་། ཨ་མེ་རི་ཁ་ཕྱོགས་ཀྱིས་སིང་ག་ཕོར་ལ་སྒོ་ཁྲལ་ཁ་སྣོན་བྱས་པས། ང་ཚོ་དོན་དེར་རེ་ཐག་ཆད་ཡོད་ཟེར།
ཧོང་ཞོན་ཚེ་ཡིས་བསྟན་དོན། ཨ་མེ་རི་ཁས་ཉོ་ཚོང་གྲོགས་པོར་སྒོ་ཁྲལ་ཁ་སྣོན་བྱེད་པ་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩ་དོན་དང་འགལ་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱི་བྱ་སྤྱོད་དེས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་མ་ལག་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།