ཀུའུ་ཐི་ལོས་སི་ཡིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བཀག་རྒྱ་མེད་པའི་སྒོ་ནས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་པ་དང་། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་བཏང་སྟེ་དུས་གཏན་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་མཚམས་བཞག་ནས་ཟླ་ངོ་གཅིག་ལྷག་འགོར་བའི་རིང་ལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་གང་ཡང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་མེད་པ་དང་། རོགས་སྐྱོར་དངོས་རྫས་མང་བོ་རྒྱལ་མཚམས་བརྒལ་སའི་རྒྱུ་ལམ་དུ་ཁག་ཡོད་ལ། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དེ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། མཁོ་འདོན་མཚམས་བཞག་པ་དང་བསྟུན་ནས་ཅཱ་ཧྲ་ས་ཁུལ་དེ་དམར་གསོད་ཀྱི་གནས་སུ་འགྱུར་བཞིན་ཡོད་པ་དང་། མི་སེར་དཀྱུས་མ་དག་འཛད་མཐའ་མེད་པའི་ཤི་གསོན་གྱི་དཀའ་སྡུག་ཁྲོད་དུ་གནས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་ཤིང་། ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་མི་ཆོས་རིང་ལུགས་ཀྱི་ལས་བྱེད་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱ་མི་སྣ་དང་བཅས་པའི་མི་ཆོས་རིང་ལུགས་ཀྱི་བྱ་བ་བྱེད་མཁན་དག་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་སྒེར་ཚུགས་ཀྱིས་རྟོག་ཞིབ་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ད་ལྟ་ནི་མི་ཆོས་དང་མི་མཐུན་པའི་བྱ་སྤྱོད་དེ་རིགས་མཇུག་སྒྲིལ་བ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་བར་འགན་སྲུང་བྱས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སླར་གསོ་བྱེད་པའི་དུས་ལ་བབས་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས7ཉིན་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་རྒྱལ་ཁབ་གཞན་པར་གནས་སྤོར་བ་དང་། ཨ་མེ་རི་ཁས་ཅཱ་ཧྲ་ས་ཁུལ་བདག་ཏུ་འཛིན་པའི་ཐབས་ཇུས་གླེང་སྐབས། ཀུའུ་ཐི་ལོས་སི་ཡིས་བསྐྱར་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་གྱི་མི་རྣམས་ཕཱ་ལེ་སི་ཐན་དུ་འཚོ་སྡོད་བྱེད་པའི་དབང་ཆ་ཡོད་པ་དང་། བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་འཇུག་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།