ཏའོ་སྨི་ནི་ཁཱའི་མཚན་མོའི་སྤྲོ་སྐྱིད་ཁང་ཞིག་ལ་རྡིབས་སྐྱོན་བྱུང་ནས་མི66དྲུག་རྐྱེན་ལམ་དུ་ཤོར།
2025.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཏའོ་སྨི་ནི་ཁཱའི་འཕྲལ་བསྟུན་འགུལ་སྐྱོད་ལྟེ་གནས་ཀྱི་ཀྲུའུ་རིན་མིན་ཏི་སི་ཡིས་ཚེས8ཉིན་གྱི་ཕྱི་དྲོར་བཤད་རྒྱུར། ཏའོ་སྨི་ནི་ཁཱའི་རྒྱལ་ས་ཧྲིན་ཏའོ་མེན་ཀི་ནས་ཉིན་དེའི་ཞོགས་པར་མཚན་མོའི་སྤྲོ་སྐྱིད་ཁང་ཞིག་གི་ཁང་ཀླད་རྡིབས་པའི་དོན་རྐྱེན་བྱུང་བ་དང་། མི66རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི155ལ་རྨས་ཕོག་ཡོད། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོར་མི་ཤེས་ཟེར།

མིན་ཏི་སི་ཡིས་བསྟན་དོན། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཡིད་སྐྱོ་བའི་དོན་རྐྱེན་དེས་ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་དག་སྡུག་བསྔལ་གྱིས་མནར་དུ་བཅུག་པར་མ་ཟད་རྒྱལ་ཁབ་ཧྲིལ་བོར་ཡང་སྐྱོ་ངལ་བྱུང་ཡོད་ཟེར།

ཏའོ་སྨི་ནི་ཁཱའི་ཙུང་ཐུང་ཨ་པུས་ནཱ་ཏི་ཨར་གྱིས་ཚེས་བརྒྱད་ཉིན་ནས་བཟུང་རྒྱལ་ཡོངས་ནས་ཉིན་གསུམ་རིང་འདས་པོར་མྱ་ངན་ཞུ་རྒྱུ་ཁྱབ་བསྒྲགས་བྱས།

རྒྱུས་ལོན་བྱུང་ལྟར་ན། དོན་རྐྱེན་དེ་བྱུང་སྐབས། མཚན་མོའི་སྤྲོ་སྐྱིད་ཁང་དུ་མི་མང་བོ་མཉམ་དུ་ཚོགས་ནས་སྤྲོ་སྐྱིད་བྱ་འགུལ་ལ་རོལ་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།