འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་ཚེས8ཉིན་བསྟན་དོན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུའུ་ཁི་པུས་ལེ་ཡིས་གཟའ་འཁོར་རྗེས་མར་མིག་སྔའི་དཔལ་འབྱོར་གནས་བབ་དང་དེའི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ཀྱི་ཤུགས་རྐྱེན་ཐད་ནས་དངོས་གཞི་མིན་པའི་གྲོས་མོལ་སྤེལ་ཏེ། ཉོ་ཚོང་གི་གནས་བབ་གསར་བར་ཇི་ལྟར་ཁ་གཏད་འཇལ་བར་གྲོས་བསྡུར་བྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། མུའུ་ཁི་པུས་ལེ་ཡིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མའི་འཐུས་མིར་འཕྲིན་ཡིག་བསྐུར་བའི་འཆར་གཞི་ཡོད་པ་རེད།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱེ་ཝེ་ལཱ་ཡིས་ཉེ་སྔོན་ཨ་མེ་རི་ཁའི་འདྲ་མཉམ་སྒོ་ཁྲལ་གྱི་སྲིད་ཇུས་ཐད་ནས་བཤད་རྒྱུར། ཨ་མེ་རི་ཁའི་སྒོ་ཁྲལ་ཁ་སྣོན་བྱས་པ་དེས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་དང་དཔལ་འབྱོར་འཕར་སྣོན་གྱི་མདུན་ལྗོངས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཟེར། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཐོག་མར་དཔྱད་འཇོག་བྱས་པ་ལྟར་ན། ཨ་མེ་རི་ཁས་ད་ལོའི་ལོ་མགོར་བཏོན་པའི་སྒོ་ཁྲལ་བྱེད་ཐབས་དེས2025ལོའི་འཛམ་གླིང་ཡོངས་ཀྱི་ཚོང་རྫས་ཉོ་ཚོང་གི་ཚད་སྤྱི་ཕྱོགས་ནས་བརྒྱ་ཆའི་གཅིག་ཇེ་ཉུང་དུ་གཏོང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།