ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་སྒོ་ཁྲལ་ལ་དམིགས་པའི་ངོ་རྒོལ་བྱེད་ཐབས་སྐོར་དང་པོར་གྲོས་མཐུན་བཀོད།
2025.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁཱ་ནཱ་ཏཱ་སོགས་རྒྱལ་ཁབ་ཀྱི་རྗེས་སུ། ཡོ་རོབ་གླིང་མནའ་འབྲེལ་ཡང་དངོས་སུ་ཨ་མེ་རི་ཁའི་ཉོ་ཚོང་ལ་ངོ་རྒོལ་བྱེད་པའི་བྱ་བར་དངོས་སུ་ཞུགས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚེས9ཉིན་འདེམ་ཤོག་འཕངས་ནས་ཨ་མེ་རི་ཁའི་སྒོ་ཁྲལ་ངོ་རྒོལ་བྱེད་ཐབས་སྐོར་དང་པོར་གྲོས་མཐུན་བཀོད་པ་དང་། ཨ་མེ་རི་ཁའི་ཐོན་རྫས་རབ་དང་རིམ་པར་བརྒྱ་ཆའི་ཉེར་ལྔའི་སྒོ་ཁྲལ་བསྡུ་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། སྐབས་འདིའི་ངོ་རྒོལ་བྱེད་ཐབས་དེའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་རྣོ་ལྕགས་སྒོ་ཁྲལ་བྱེད་ཐབས་ལ་ཁ་གཏད་འཇལ་ཆེད་ཡིན་ཟེར།

སྤྱི་སྒྲོག་ལས་བསྟན་དོན། ཉེ་སྔོན་ཨ་མེ་རི་ཁའི་སྲིད་གཞུང་གིས་སྒོ་ཁྲལ་ཁ་སྣོན་བྱེད་པའི་བྱེད་ཐབས་དེར་གཞི་འཛིན་ས་གང་ཡང་མེད་པ་དང་། ཡོ་རོབ་གླིང་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཁེ་ཕན་ལ་གནོད་སྐྱེལ་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ཐད་ལའང་ཤུགས་རྐྱེན་ངན་པ་བཟོས་ཡོད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱི་ས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ་དང་། འདྲ་མཉམ་དང་དོ་མཉམ། གཉིས་ཕན་བར་གྱི་ཐག་གཅོད་ཇུས་གཞི་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འདེམ་ཤོག་འཕངས་ནས་གྲོས་འཆམ་བྱུང་རྗེས། འབྲེལ་ཡོད་ཀྱི་ངོ་རྒོལ་བྱེད་ཐབས་དེས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ནང་ཁུལ་གྱི་ལས་རིམ་ཡོངས་འགྲུབ་བྱས་པ་ཡིན་ལ། སྒོ་ཁྲལ་དེ་ཟླ4བའི་ཚེས15ཉིན་ནས་བཟུང་བསྡུ་ལེན་བྱེད་རྒྱུ་རེད། དེའི་སྔོན་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། ཐེངས་འདིར་ཨ་མེ་རི་ཁའི་ཐོན་རྫས་མང་བོར་སྒོ་ཁྲལ་བསྡུས་པའི་ཁྱབ་ཁོངས་སུ་རྡོ་རྗེ་ཕ་ལམ་དང་བྱ་སྒོང་། ཤ་རྒྱུ། བྱ་ཤ་སོགས་འདུས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།