ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཐུར་ཁེ་ནས་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་རྒྱུ་རེད།
2025.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས8ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁ་དང་ཨུ་རུ་སིའི་འཐུས་ཚབ་ཚོགས་པས་ཚེས10ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་གཞུང་ཚབ་ཁང་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པའི་ཐད་ནས་གྲུབ་འབྲས་ལེན་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་པུའུ་ལུའུ་སི་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་གྲོས་མོལ་དེ་ཆབ་སྲིད་དང་བདེ་འཇགས་གྲོས་གཞིར་འབྲེལ་བ་མེད་པ་དང་། ཝུའུ་ཁི་ལན་གྱི་གནད་དོན་ནང་གྲོས་རིམ་ནང་དུ་འདུས་མེད། གྲོས་མོལ་དེ་རྒྱལ་ཁབ་གཉིས་ཀྱི་གཞུང་ཚབ་ཁང་གི་འཁོར་སྐྱོད་གནས་ཚུལ་ཁོ་ནར་དམིགས་ཡོད་པ་ལས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་དམིགས་མེད་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེ་མངོན་འགྱུར་བྱས་ན། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་འབྲེལ་བ་ད་གཟོད་ཕྱོགས་ཡོངས་ནས་རྒྱུན་ལྡན་ཅན་དུ་འགྱུར་སྲིད་ཟེར།

ཨུ་རུ་སི་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཟླ2པར་དབྱི་སི་ཐན་པོར་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ནས་དུས་ཚོད་དྲུག་དང་ཕྱེད་ཀའི་རིང་གསང་བའི་གྲོས་མོལ་བྱས། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་དྲངས་པའི་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་སྣའི་སྐད་ཆ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གཞུང་ཚབ་ཁང་གི་འཁོར་སྐྱོད་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། མི་སྣའི་བཀོད་སྒྲིག་དང་ལམ་ཡིག་སོགས་ཀྱི་གནད་དོན་ལ་འབྲེལ་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཟླ4བའི་ཚེས1ཉིན་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་ཛ་དྲག་གི་རྒྱུ་རྐྱེན་མེད་པར་བཏང་ནས་རྒྱུན་ལྡན་ཅན་གྱི་འབྲེལ་འདྲིས་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།