དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས9ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་ཉིན་དེར་རྒྱལ་ཁབ་ཉིང་རྡུལ་ལག་རྩལ་ཉིན་མོའི་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། དབྱི་ལིང་གིས་ལ་རྒྱ་དང་དགོས་ངེས་ཀྱི་འགན་སྲུང་ཡོད་པའི་གནས་ཚུལ་འོག་ཨ་མེ་རི་ཁའི་བར་བརྒྱུད་པའི་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས9ཉིན་གྱི་སྔ་དྲོར་དབྱི་ལིང་རྒྱལ་ཁབ་ཀྱི་ཉིང་རྡུལ་བཟོ་ལས་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་དང་། དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་ལག་རྩལ་གྲུབ་འབྲས་གསར་བ་དྲུག་གསལ་སྒྲོག་བྱས། ཁོས་གཏམ་བཤད་སྤེལ་སྐབས་ང་ཚོས་ཉིང་རྡུལ་ནུས་པའི་མཚོན་ཆ་འཚོལ་ཞིབ་བྱེད་པ་མིན་པ་ཡང་བསྐྱར་ནན་བཤད་བྱས་པ་དང་། ཞོར་དུ་དབྱི་ལིང་ལ་ཉིང་རྡུལ་ནུས་པའི་ཚན་རིག་དང་ཉིང་རྡུལ་ནུས་པའི་ལག་རྩལ་མཁོ་བ་དང་། དེའི་ཐད་ཀྱི་དགོས་མཁོ་ཡུན་རིང་དུ་གནས་ཡོད་པ་བསྐྱར་སྒྲོག་བྱས། དབྱི་ལིང་གིས་འཐབ་འཁྲུག་བྱེད་མི་སྲིད་ཀྱང་། བཙན་འཛུག་གང་རུང་གི་མདུན་ནས་དབྱི་ལིང་གིས་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཕའེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་མཛུབ་སྟོན་གནང་བ་ལྟར་ན། དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཀྱང་། ལ་རྒྱ་དང་དགོས་ངེས་ཀྱི་འགན་སྲུང་ཡོད་པའི་བརྒྱུད་པའི་གྲོས་མོལ་རྣམ་པར་བརྟེན་དགོས། རྒྱུ་མཚན་ནི་དབྱི་ལིང་ཨ་མེ་རི་ཁར་ཡིད་ཆེས་མེད་པས་ཡིན་ཟེར།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས7ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ཐད་ཀར་གྲོས་མོལ་བྱེད་བཞིན་ཡོད་ཟེར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས8ཉིན་གྱི་ཞོགས་པར་བདེན་དཔང་བྱས་དོན། དབྱི་ལིང་དང་ཨ་མེ་རི་ཁས་ཚེས12ཉིན་ཨ་མན་ནས་བརྒྱུད་པའི་མཐོ་རིམ་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། སྐོར་ཐེངས་དང་པོའི་གྲོས་མོལ་དེ་བརྒྱུད་པའི་གྲོས་མོལ་ཡིན་ལ། དེའི་རྗེས་སུ་ཐད་ཀར་གྲོས་མོལ་བྱས་པའི་བཤད་ཚུལ་དེ་ཁས་ལེན་མ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།