ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་ཚེས9ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱི་ལག་རྩལ་ཚོགས་པས་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་ཨ་མེ་རི་ཁའི་བར་གཏེར་ཁའི་གྲོས་མཐུན་ལ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་གྲོས་མོལ་ཐོག་མ་ནི་ལག་རྩལ་རང་བཞིན་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མཐུན་འགོད་པའི་རྨང་གཞིར་གྲོས་བསྡུར་བྱེད་འདོད་ཡོད་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པར་ཝུའུ་ཁི་ལན་གྱི་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་གཞོན་པ་ཁཱ་ཆི་ཁཱ་ཡིས་སྣེ་ཁྲིད་བྱེད་ངེས་ཡིན་ཟེར།
སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་དཔལ་འབྱོར་པུའུ་དང་ཕྱི་འབྲེལ་པུའུ། ཁྲིམས་འཛིན་པུའུ། ནོར་སྲིད་པུའུ་བཅས་ཀྱི་འཐུས་མིས་གྲུབ་པའི་གྲོས་མོལ་འཐུས་ཚབ་ཚོགས་པས་ཚེས11ཉིན་ནས་ཚེས12ཉིན་བར་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།