ཨུ་རུ་སི་དང་ཨ་མེ་རི་ཁས་ཐུར་ཁེའི་སྐོར་ཐེངས་གཉིས་པའི་གྲོས་མོལ་གྱི་གྲོས་གཞིར་ཞིབ་འཇུག་བྱེད་རྒྱུ་རེད།
2025.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས10ཉིན་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་ཐུར་ཁེའི་དབྱི་སི་ཐན་པོར་ནས་སྤེལ་བའི་སྐོར་ཐེངས་གཉིས་པའི་གྲོས་མོལ་ཁྲོད་བཏོན་པའི་གྲོས་གཞི་སྣ་ཚོགས་ལ་མྱུར་མོར་ཞིབ་འཇུག་བྱས་ཏེ། སྐོར་ཐེངས་རྗེས་མའི་གྲོས་མོལ་སྔོན་ལ་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སི་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས10ཉིན་དབྱི་སི་ཐན་པོར་ནས་ཕྱོགས་གཉིས་ཀྱི་གཞུང་ཚབ་ཁང་གི་རྒྱུན་ལྡན་བྱ་བ་སླར་གསོ་བྱེད་པའི་ཐད་ནས་གྲོས་མོལ་ཐེངས་གཉིས་པ་སྤེལ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཨ་མེ་རི་ཁས་ཐེངས་འདིའི་ཆེད་མཁས་པའི་གྲོས་མོལ་ཁྲོད། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་བཀག་རྐྱེན་གཙོ་བོ་མེད་པར་གཏོང་བའི་ཐད་འབད་འབུངས་བྱས་པ་དང་། ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་འབྲེལ་ཡོད་ཡིག་ཆ་བརྗེ་སྤོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པས་རྒྱུན་ཆད་མེད་པར་དངུལ་ཁང་དང་དངུལ་ལོར་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ལ་ཚོགས་གྲོན་སྤྲོད་པ་སོགས་ཀྱི་ཐད་ནས་གྲོས་མཐུན་འགོད་པར་སྐུལ་འདེད་བཏང་ཟེར།

བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་བཏོན་པའི་ཨ་མེ་རི་ཁས་གཞུང་བཞེས་བྱས་པའི་ཨུ་རུ་སིའི་ཕྱི་འབྲེལ་གྱི་གཏན་འཇགས་རྒྱུ་ནོར་སྣ་དྲུག་ཕྱིར་སྤྲོད་པའི་ཐད་ནས། ཕྱོགས་གཉིས་ཀྱིས་ལམ་ཐིག་འཆར་གཞི་གཏན་འབེབས་བྱེད་རྒྱུའི་གྲོས་ཐག་བཅད་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བསྟན་དོན། ཨུ་རུ་སིའི་མི་སྣས་མྱུར་མོར་སྒྲིག་ཆས་དེ་དག་ལ་ཞིབ་བཤེར་བྱས་ཏེ་གྱོང་གུད་ལ་དཔྱད་འཇོག་བྱེད་པར་ཆོག་མཆན་འགོད་དགོས་ཟེར།

དེ་ལས་གཞན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་བར་གྱི་ཕྱི་འབྲེལ་མི་སྣའི་ལམ་ཡིག་བསྒྲུབ་ལུགས་དང་འགྲུལ་བཞུད་ལས་རིམ་སྟབས་བདེ་རུ་གཏོང་བ་སོགས་ཀྱི་བྱ་བ་སྤེལ། ཨུ་རུ་སིའི་ཕྱོགས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་འགྲོ་བ་དང་། ཐད་གཏོང་གནམ་གྲུ་སོགས་འདུས་པའི་ཚོང་ལས་དང་སྤྱི་ཚོགས་འབྲེལ་འདྲིས་སོགས་ཀྱི་བྱ་བ་སླར་གསོ་རྒྱ་བསྐྱེད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཟླ2པའི་ཚེས27ཉིན་དབྱི་སི་ཐན་པོར་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་སྐོར་ཐེངས་དང་པོའི་གྲོས་མོལ་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།