དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས10ཉིན་རྒྱལ་ས་པཱ་ཀི་ཏཱ་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ནང་སྲིད་པུའུ་ཀྲང་ཧཱ་པུའུ་ལི་ཧི་ལ་ཐུག་འཕྲད་བྱེད་སྐབས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་ཕཱ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།
དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སུའུ་ཏཱ་ནེ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ལག་བསྟར་བྱས་པའི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། རིམ་པ་སོ་སོའི་མཐུན་སྒྲིལ་དང་མཐུན་སྦྱོར་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཏེ། ཕཱ་ལེ་སི་ཐན་མི་དམངས་ཀྱིས་མྱོང་བཞིན་པའི་དཀའ་སྡུག་མེད་པར་གཏོང་བ་དང་། རང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་དམར་གསོད་དང་རིགས་རྒྱུད་ཚར་གཅོད་ཀྱི་བྱ་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཧཱ་པུའུ་ལི་ཧི་ཡིས་དབྱི་རག་གིས་དུས་ཡུན་རིང་བོར་ཕཱ་ལེ་སི་ཐན་མི་དམངས་ཀྱི་ལུགས་མཐུན་རེ་འདོད་དང་ཁྲིམས་མཐུན་ཁེ་དབང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། དབྱི་རག་ཕྱོགས་ཀྱིས་ས་ཁུལ་གྱི་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་བྱ་བ་གང་མང་བསྒྲུབ་པར་གཟེངས་བསྟོད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།