སི་རི་ཡཱ་ཡིས་ཧན་གོའི་བར་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས།
2025.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་ཕྱི་འབྲེལ་སྡེ་ཁག་གིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ཕྱི་འབྲེལ་སྡེ་ཁག་གི་འགན་ཁུར་བ་ཞེ་པཱ་ནེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཀྲའོ་ཡའོ་ལེ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་འཛུགས་པའི་གྲོས་མཐུན་བཀོད།

གསལ་སྒྲོག་ལས་བཤད་རྒྱུར། གྲོས་མཐུན་དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ཡིན་ཞིང་། གྲོས་མཐུན་ལས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱལ་ཁབ་ནས་གཞུང་ཚབ་ཁང་འཛུགས་པ་དང་ཕྱི་འབྲེལ་འཐུས་ཚབ་ཚོགས་པ་མངག་གཏོང་བྱེད་རྒྱུ་གཏན་འཁེལ་བྱས་ཡོད།

ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། ཞི་བདེ་མཉམ་གནས་དང་རྒྱལ་ཁབ་ཀྱི་བདག་དབང་འདྲ་མཉམ། མངའ་ཁོངས་ཆ་ཚང་ཡོང་བ་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་བར་འབྲེལ་བ་འཛུགས་དགོས་པ་ནན་བཤད་བྱས།

སི་རི་ཡཱའི་སྲིད་གཞུང་གི་མགོ་ཁྲིད་པ་ཧྲ་ལཱ་ཡིས་ཉིན་དེར་ཀྲའོ་ཡའོ་ལེ་ལ་ཐུག་འཕྲད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ཟླ12པར་སི་རི་ཡཱའི་སྲིད་དབང་ལ་འགྱུར་ལྡོག་བྱུང་རྗེས། ཧན་གོས་ད་ལོའི་ཟླ2པར་འཐུས་ཚབ་ཚོགས་པ་མངག་ནས་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།