ཡོ་རོབ་གླིང་མནའ་འབྲེལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་མགོ་རྩོམ་པར་འཐད་པ་བྱུང་།
2025.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས10ཉིན་སྤྱི་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་མགོ་རྩོམ་པར་ཡིད་འཐད་བྱུང་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་དང་མཉམ་དུ་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་མགོ་རྩོམ་པར་གཅིག་གྱུར་འཐད་པ་བྱུང་།

སྤྱི་སྒྲོག་ལྟར་ན། གྲོས་མོལ་གྱི་ནང་དོན་དེ་དངོས་ཟོང་དང་ཞབས་ཞུ། དངུལ་གཏོང་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད་པ་དང་། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་ལྷད་མེད་ཆིང་ནུས། དེ་མིན་གནད་འགག་གི་མ་བཅོས་རྒྱུ་ཆ་སོགས་འཐབ་ཇུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་དང་དཔལ་འབྱོར་བདེ་འཇགས་སོགས་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་ཉེ་སྔོན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་ཏེ། གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་བཏང་བ་རེད།

ཧྥུན་ཏི་ལའེ་ཨིན་གྱིས་ཚེས7ཉིན་པུའུ་ལུའུ་སེར་ནས་བསྟན་དོན། ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གི་སྒོ་ཁྲལ་སྲིད་ཇུས་དེས་རྒྱལ་སྤྱིའི་ཉོ་ཚོང་ལ་གནོད་པ་ཆེན་པོ་ཐེབས་པའི་དབང་གིས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་ས་ཁུལ་གཞན་པར་སྔར་ལས་མང་བའི་ཉོ་ཚོང་སྤེལ་བར་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།