དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཕྱི་འབྲེལ་བདེ་འཇགས་ཀྱི་འཐུས་ཚབ་ཚོགས་པ་དང་ཐུར་ཁེའི་འཐུས་ཚབ་ཚོགས་པས་ཚེས9ཉིན་ཨ་སེ་པེད་ཅང་ནས་སི་རི་ཡཱའི་དམག་དོན་འགུལ་སྐྱོད་གནད་དོན་ད་ནས་གྲོས་མོལ་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རང་རང་ས་ཁུལ་གྱི་ཁེ་ཕན་རྒྱས་བཤད་བྱས་པ་དང་། མུ་མཐུད་དུ་གྲོས་མོལ་བྱས་ནས་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཡིད་འཐད་བྱུང་།
དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་ཚེས10ཉིན་དབྱི་སི་རལ་གྱི་མཐོ་རིམ་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་སི་རལ་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་སི་རི་ཡཱ་ནས་འཁྲུག་རྩོད་ཉེན་ཡོལ་གྱི་རྐྱེན་སྲོལ་འཛུགས་པ་དང་། བློ་ཡུལ་ལས་འདས་པའི་དོན་རྐྱེན་གཞན་པ་འབྱུང་བར་སྔོན་འགོག་བྱེད་པའི་འདོད་ཚུལ་ལ་གྲོས་བསྡུར་བྱས་ཟེར།
དབྱི་སི་རལ་ཕྱོགས་ཀྱིས་བསྟན་དོན། ཕྱི་རྒྱལ་གྱི་དམག་དཔུང་གང་རུང་སི་རི་ཡཱའི་མངའ་ཁོངས་སུ་བཀོད་སྒྲིག་བྱེད་པའི་གནས་ཚུལ་གང་རུང་དང་། ཁྱད་པར་དུ་པཱ་ཨར་མུས་ལཱ་རུ་ཐུར་ཁེའི་དམག་དོན་རྟེན་གཞི་འཛུགས་པ་གང་ཡིན་རུང་དབྱི་སི་རལ་གྱིས་ཚད་མཐའ་ལས་བརྒལ་ཡོད་བསམ་བཞིན་ཡོད་ཟེར།
སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་རྗེས། དབྱི་སི་རལ་དང་ཐུར་ཁེའི་འབྲེལ་བ་ཇེ་སྡུག་ཏུ་སོང་། ཐུར་ཁེ་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་བར་གྱི་གནམ་གྲུ་གཏོང་མཚམས་བཞག་ཡོད་ལ། དབྱི་སི་རལ་དུ་སྡོད་པའི་གཞུང་ཚབ་ཁང་ཕྱིར་བོས་པར་མ་ཟད་ཕྱོགས་གཉིས་ཀྱི་ཉོ་ཚོང་མཚམས་བཞག་ཡོད།
ཐུར་ཁེ་ཡིས་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་སྲིད་དབང་གསར་བས་འགན་ཁུར་རྗེས། དབྱི་སི་རལ་གྱིས་སི་རི་ཡཱའི་སྔོན་ཆད་ཀྱི་སྲིད་གཞུང་གི་དམག་དོན་སྒྲིག་ཆས་དགྲ་བོའི་ལག་ཏུ་ཤོར་བར་བཀག་འགོག་བྱེད་པ་རྒྱུ་མཚན་དུ་བྱས་ནས། སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་ཐེངས་བརྒྱ་ཕྲག་འགའ་སྤེལ།
ཉེ་སྔོན་དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཐུར་ཁེ་ཡིས་བསམ་བཞིན་དུ་ས་ཁུལ་དེ་དག་ཏུ་དམག་དཔུང་བཀོད་སྒྲིག་བྱས་པ་དང་དམག་དོན་རྟེན་གཞི་འཛུགས་སྐྲུན་བྱས་པར་སྐྱོན་འཛུགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།