དབྱི་ལིང་གིས་ཨ་མེ་རི་ཁས་འཇིགས་ཉེན་བསྐྱུར་ན་གྲོས་མཐུན་འགོད་ཐུབ་ངེས་ཡིན་པའི་ཚུལ་བསྟན།
2025.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་པུའུ་ཀྲང་གཞོན་པ་ཐཱ་ཧི་ཐི་ལཱ་ཝན་ཞི་ཡིས་ཚེས11ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་ཚད་ལས་བརྒལ་བའི་རེ་བ་བཏོན་ནས་འཇིགས་ཉེན་སྐུལ་མཚམས་བཞག་ན། གྲོས་མཐུན་འགོད་པའི་གོ་སྐབས་ཆེན་པོ་ཡོད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐཱ་ཧི་ཐི་ལཱ་ཝན་ཞི་ཡིས་མི་འགྱངས་པར་ཨ་མན་ནས་སྤེལ་རྒྱུ་ཡིན་པའི་དབྱི་ལིང་དང་ཨ་མེ་རི་ཁའི་བརྒྱུད་པའི་གྲོས་མོལ་ལ་དམིགས་ཏེ་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། དབྱི་ལི་གིས་ཕན་ཚུན་བརྩི་འཇོག་རྨང་གཞིར་བྱས་པའི་གྲོས་མོལ་དང་མཉམ་འབྲེལ་ལ་ཡིད་ཆེས་བྱེད་པ་དང་། རྣམ་པ་གང་རུང་གི་མགོ་སྐོར་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཉིན་དེར་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། དབྱི་ལིང་གིས་གྲོས་མོལ་ལ་སྔོན་ནས་བརྡར་གཅོད་བྱེད་མི་སྲིད་པ་དང་། གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་རེ་འདུན་དང་ཆོད་སེམས་ལ་དཔྱད་འཇོག་བྱེད་སྲིད་པར་མ་ཟད་དགོས་ངེས་ཀྱི་ལན་སྟེར་ངེས་ཡིན་ཟེར། དབྱི་ལིང་གྲོས་མོལ་ལ་ཞུགས་པ་ནི་ཕྱི་འབྲེལ་ལ་གོ་སྐབས་ངོ་མ་ཞིག་བྱིན་པ་ཡིན་པས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཆོད་དོན་དེར་མཐོང་ཆེན་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།