ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱ་མི་བདེར་གཏོད་པའི་གཡོ་ཇུས་ལ་བཟོད་སྒོམ་བྱེད་མི་སྲིད་པའི་ཚུལ་བསྟན།
2025.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས11ཉིན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཨན་ཐཱ་ལེ་ཡཱ་ནས་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡཱ་མི་བདེར་གཏོད་པའི་གཡོ་ཇུས་གང་རུང་ལ་བཟོད་སྒོམ་བྱེད་མི་སྲིད་ཟེར།

ཨེ་ཨར་ཏའོ་ཨན་ཉིན་དེར་སྐབས་བཞི་བའི་ཨན་ཐཱ་ལེ་ཡཱའི་ཕྱི་འབྲེལ་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་གཏམ་བཤད་གལ་ཆེན་སྤེལ། ཁོས་གཏམ་བཤད་སྤེལ་སྐབས་དབྱི་སི་རལ་གྱིས་ཉེ་སྔོན་སི་རི་ཡཱ་ལ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། དེ་ལས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་བཟོས་ཡོད་ཟེར། ཁོས་ད་རུང་དབྱི་སི་རལ་གྱིས་སི་རི་ཡཱའི་ནང་ཁུལ་ནས་ཆོས་ལུགས་གྲུབ་མཐའ་དང་རིགས་རྒྱུད་བར་གྱི་འཁྲུག་རྩོད་ལ་ངན་སྐུལ་བྱས་པར་སྐྱོན་འཛུགས་བྱས།

ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་སི་རི་ཡཱའི་སྲིད་དབང་གསར་བའི་མགོ་ཁྲིད་པས་རྒྱལ་ཁབ་བསྐྱར་འཛུགས་དང་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་བྱ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། ང་ཚོས་སི་རི་ཡཱ་དང་ས་ཁུལ་ཧྲིལ་བོར་ཡུན་རིང་གཏན་འཇགས་མངོན་འགྱུར་བྱེད་གོ་སྐབས་དེ་རང་དགར་ཤོར་དུ་འཇུག་མི་སྲིད་ཟེར།

དབྱི་སི་རལ་གྱིས་མིག་སྔར་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་དམག་དོན་འགུལ་སྐྱོད་སྤེལ་བའི་ཐད་ནས་ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་འཇིགས་སྐུལ་རིང་ལུགས་བསྟུད་མར་སྤེལ་ན། དབུས་ཤར་ས་ཁུལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཐབས་མེད་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།