
པའོ་ཚི་ཝ་ནཱའི་རྒྱལ་ས་ཧཱ་པའོ་ལོ་ནེ་གྲོང་ཁྱེར་གྱི་ཧྲི་ཀྲང་མའོ་ཐི་ལཱ་ལོན་གྱིས་ཚེས21ཉིན་བསྟན་དོན། པའོ་ཚི་ཝ་ནཱ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་བགྲོད་ལམ་དང་ཉམས་མྱོང་མིག་དཔེར་བཟུང་ནས། ས་གནས་སྲིད་གཞུང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། ཕན་ཚུན་བར་ཚོང་སྐལ་བསྐྲུན་པ་དང་ལས་ཞུགས་ཁ་སྣོན་བྱེད་འདོད་ཡོད་ཟེར།
མའོ་ཐི་ལཱ་ཏོན་གྱིས་ཉིན་དེར་པའོ་ཚི་ཝ་ནཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་སྤེལ་བའི་གཞུང་ཚབ་ཆེན་མོ་དང་ཧྲི་ཀྲང་གི་གྲོས་མོལ་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཁོ་དང་ཧཱ་པའོ་ལོ་ནཱ་གྲོང་ཁྱེར་ས་གནས་གྲོས་ཁང་གི་གྲོས་མི་སྐོར་ཞིག་ཟླ10བར་ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན་དུ་ལྟ་སྐོར་འཚམས་འདྲིར་སོང་ནས། ཀྲུང་གོའི་མགྱོགས་མྱུར་འཕེལ་རྒྱས་མཐོང་ཡོད་ལ་ཕན་འབྲས་མི་ཉུང་བ་ཐོབ་ཡོད་ཟེར།
པའོ་ཚི་ཝ་ནཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྥན་ཡུང་གིས་གྲོས་མོལ་ཞུགས་པའི་ཧཱ་པའོ་ལོ་ནེ་གྲོང་ཁྱེར་གྱི་ས་གནས་གྲོས་ཁང་གི་གྲོས་མིར་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་འཚོགས་པ་དང་། དེ་མིན་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། དེ་ལས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་ལེའུ་གསར་བ་གཏོད་པའི་བརྡ་གསལ་བོ་བཏང་ཡོད་ལ ཀྲུང་གོ་དང་པའོ་ཚི་ཝ་ནཱའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་གོ་སྐབས་གསར་བ་བསྐྲུན་ནས་ཁེ་ཕན་བཟང་བོ་ཐོབ་སྲིད་ཟེར།
ཧྥན་ཡུང་གིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་པའོ་ཚི་ཝ་ནཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་ལོ་ཡིན་ཞིང་། ཕྱོགས་གཉིས་ཀྱིས་དགའ་སྟོན་རྟེན་འབྲེལ་བྱ་འགུལ་ཐེངས་མང་སྤེལ་བར་མ་ཟད། མཐོ་རིམ་བར་གྱི་འཚམས་འདྲི་དང་གཉིས་ཕན་མཉམ་ལས། མི་གཞུང་བརྗེ་རེས་བཅས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད། ས་གནས་བར་གྱི་མཉམ་ལས་ཀྱིས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་བའི་བཅོས་སྐྱོང་ནུས་པ་མཐོར་འདེགས་བྱེད་པ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།