ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གི་མཚོ་ཐོག་དམག་དོན་བདེ་འཇགས་གྲོས་མོལ་རྐྱེན་སྲོལ་བྱ་བའི་ཚན་ཆུང་གི་གྲོས་ཚོགས་དང་ལོ་ཚོགས་གྲོས་མོལ་སྤེལ།
2025.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ11པའི་ཚེས18ཉིན་ནས་ཚེས20ཉིན་བར། ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཨ་མེ་རི་ཁའི་ཞཱ་ཝེ་ཡེ་ནས2025ལོའི་ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གི་མཚོ་ཐོག་དམག་དོན་བདེ་འཇགས་གྲོས་མོལ་རྐྱེན་སྲོལ་བྱ་བའི་ཚན་ཆུང་གི་གྲོས་ཚོགས་དང་ལོ་ཚོགས་གྲོས་མོལ་སྤེལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་ཁྲིད་སྟོན་དུ་བྱས་ཤིང་། འདྲ་མཉམ་དང་བརྩི་འཇོག་གི་རྨང་གཞིའི་སྟེང་། ལྷག་བསམ་རྣམ་དག་ངང་འཛུགས་སྐྲུན་རང་བཞིན་ལྡན་པའི་བརྗེ་རེས་བྱས་ཏེ། གཙོ་བོ་མིག་སྔའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཚོ་མཁའི་བདེ་འཇགས་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། དམག་དཔུང་གཉིས་ཀྱི་མཚོ་མཁའི་ཐུག་འཕྲད་ཀྱི་དམིགས་བསལ་དཔེ་གཞིར་གྲོས་བསྡུར་བྱས་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁའི་མཚོ་མཁའི་ཐུག་འཕྲད་བདེ་འཇགས་བྱ་སྤྱོད་རྩ་འཛིན་གྱི་ལོ་ཧྲིལ་བོའི་ལག་བསྟར་གནས་ཚུལ་ལ་དཔྱད་འཇོག་བྱས་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་མཚོ་ཐོག་དམག་དོན་བདེ་འཇགས་གནད་དོན་གྱི་བྱེད་ཐབས་ལེགས་བཅོས་བྱེད་པར་གྲོས་བསྡུར་བྱས་པ་དང་། 2026ལོའི་བྱ་བའི་ཚན་ཆུང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་དང་ཨ་མེ་རི་ཁའི་མཚོ་ཐོག་དམག་དོན་བདེ་འཇགས་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གི་མཚོ་མཁའི་ལས་ཡུལ་དང་པོའི་དམག་དཔུང་གིས་ཆེད་ལས་ཅན་དང་བདེ་འཇགས་ངང་འབྲེལ་འདྲིས་བྱེད་པར་ཕན་ཐོགས་ཡོད་པ་དང་། ཕྱོགས་གཉིས་བར་གོ་ལོག་ནོར་འཆུག་འབྱུང་བར་སྔོན་འགོག་དང་ཉེན་ཁའི་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་པར་འདོད། དེའི་ཞོར་དུ་ཀྲུང་གོ་ཕྱོགས་ཀྱིས་མཁའ་འགྲུལ་དང་རང་དབང་འཕུར་སྐྱོད་ལ་ཁ་གཡར་ནས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཀྲུང་གོར་དམིགས་པའི་བཙན་འཛུལ་དཀྲུག་འཕེན་དང་མྱུལ་ཞིབ་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། མུ་མཐུད་དུ་ཁྲིམས་སྲོལ་ལྟར་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།