ཡོ་རོབ་གླིང་གི་མགོ་ཁྲིད་པས་ཨ་མེ་རི་ཁའི་འཆར་གཞི་གསར་བ་ཉེར་བརྒྱད་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་ཚུལ་བསྟན།
2025.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཡའོ་ཧན་ནེ་སི་པའོ་རྩེ་ཚོགས་སྐབས་སུ། ཡོ་རོབ་གླིང་གི་མགོ་ཁྲིད་པ་མང་བོས་ཚེས22ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་བཏོན་པའི་འཆར་གཞི་གསར་བ་ཉེར་བརྒྱད་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་ཚུལ་བསྟན་པར་མ་ཟད། རྒྱལ་སྤྱིའི་རྒྱལ་མཚམས་དེ་དྲག་ཤུགས་ལ་བརྟེན་ནས་བསྒྱུར་མི་རུང་བའི་རྩ་དོན་བསྐྱར་སྒྲོག་བྱས།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁི་སི་ཐཱ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན། འཇར་མན་གྱི་ཙུང་ལི་མའོ་ཚི། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་སོགས་ཡོ་རོབ་གླིང་གི་མགོ་ཁྲིད་པས་བསྟན་དོན། འཆར་གཞི་གསར་བ་ཉེར་བརྒྱད་ཀྱི་འཆར་ཟིན་ཁྲོད་དྲང་བདེན་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་གལ་འགངས་ཆེ་བའི་ནང་དོན་ཡོད་ཀྱང་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཟེར།

གསལ་སྒྲོག་ལས་ད་རུང་དེའི་སྔོན་ཡོ་རོབ་གླིང་གི་མགོ་ཁྲིད་པས་ཡང་དང་བསྐྱར་དུ་ནན་བཤད་བྱས་པའི་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་ཏེ་དྲག་ཤུགས་ལ་བརྟེན་ནས་རྒྱལ་མཚམས་བསྒྱུར་མི་རུང་བ་དེ་བསྐྱར་སྒྲོག་བྱས་ཡོད། དེ་ལས་གཞན་གསལ་སྒྲོག་ལས་ད་རུང་འཆར་གཞི་གསར་བ་ཉེར་བརྒྱད་ཁྲོད་ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ལ་ཚོད་འཛིན་བྱེད་པའི་ནང་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་ལ། དེ་ལས་ཝུའུ་ཁི་ལན་ལ་མ་འོངས་པར་དཔུང་འཇུག་ཐེབས་སླ་བར་འགྱུར་སྲིད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ལ་འབྲེལ་བའི་ནང་དོན་ལ་སོ་སོར་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ཡིད་འཐད་འབྱུང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།