དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་མི་བརྒྱ་ཕྲག་ལྷག་ལ་ཤི་རྨས་བཟོས།
2025.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་དང་དམངས་སྲུང་སྡེ་ཁག་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས22ཉིན་ཅཱ་ཧྲའི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི22རྐྱེན་ལམ་དུ་ཤོར་བ་དང་། མི83ལ་རྨས་ཕོག རྨས་ཕོག་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། བར་སྣང་འཇབ་རྒོལ་དེ་ནི་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་དམག་མིར་འཇབ་རྒོལ་ཐེབས་པར་རྒོལ་ལན་སྤྲོད་ཆེད་ཡིན་ཟེར།

ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་པཱ་སཱ་ལེ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་གྱི་དམིགས་འབེན་ལ་དམངས་ཀྱི་སྡོད་ཁང་དང་། དམངས་བཀོལ་རླངས་འཁོར་ཞིག་འཐུས་ཡོད་ལ། ཤི་རྨས་ཐེབས་པའི་མི་སྣའི་གྲས་སུ་བུད་མེད་དང་བྱིས་པ་མང་བོ་ཡོད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་བདེན་དཔང་བྱས་དོན། དྲག་ཆས་བཟོ་སྐྲུན་སྡེ་ཁག་གི་འགན་ཁུར་བ་ཧཱ་ཏིས་ཏིས་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་ཡང་བསྐྱར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བ་དང་། དྲག་ཆས་མི་སྣ་གཅིག་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་མངགས་ནས་དབྱི་སི་རལ་གྱི་དམག་མིར་འཇབ་རྒོལ་བྱས། དེར་རྒོལ་ལན་སྤྲོད་ཆེད། དབྱི་སི་རལ་གྱི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ། ཧཱ་མཱ་སིའི་མཐོ་རིམ་ཁོངས་མི་ལྔ་བསད་ཡོད་ཟེར།

ཧཱ་མཱ་སི་ཡིས་ཉིན་དེར་གསལ་སྒྲོག་ཐེངས་འགའ་སྤེལ་ཏེ་དབྱི་སི་རལ་ལ་རྒོལ་གཏམ་བཏང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱེད་པའི་ཨ་མེ་རི་ཁ་དང་ས་ཁུལ་རང་གི་རྒྱལ་ཁབ་དག་གིས་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། དབྱི་སི་རལ་གྱི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་ལ་མྱུར་དུ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་ནི་འཆར་གཞི་ཡོད་པ་ཞིག་ཡིན་ལ། གང་འདོད་ཀྱིས་དམག་དཔུང་ཕྱིར་འཐེན་ལམ་ཐིག་བསྒྱུར་བར་མ་ཟད། ཁ་གཡོར་ས་བཙལ་ནས་ཡང་དང་བསྐྱར་དུ་འཇབ་རྒོལ་དང་དམར་གསོད་བྱས་ནས། མི་བརྒྱ་ཕྲག་འགའ་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།