བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་དགུ་ཉིན་ནས་བཟུང་ས་དཀྱིལ་མཚོ་ཁོངས་སུ་རྒྱ་མཚོའི་སྲུང་དམག་ཅེས་པའི་མཚོ་ཐོག་བདེ་འཇགས་འགུལ་སྐྱོད་སྤེལ་མགོ་བརྩམས།
བྱང་ཆིངས་རྩ་འཛུགས་ཀྱིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ཅིག་གི་ནང་བཤད་རྒྱུར། དབྱི་ཐཱ་ལེ་དང་ཐུར་ཁེ་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་གྲུ་གཟིངས་ཀྱིས་ཚེས་དགུ་ཉིན་ནས་བཟུང་ས་དཀྱིལ་མཚོ་ཁོངས་སུ་སྐོར་གཡེང་བྱས་པ་དང་། ཕུའུ་ཐའོ་ཡཱ་དང་སི་ཕན་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མཚོ་ཐོག་སྐོར་གཡེང་གནམ་གྲུས་སྐོར་གཡེང་འགུལ་སྐྱོད་ལ་བར་སྣང་ནས་རོགས་སྐྱོར་བྱེད་རྒྱུ་ཡིན་ལ། ཐེངས་འདིའི་སྐོར་གཡེང་འགུལ་སྐྱོད་དེ་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་ཟེར།
ད་ལོའི་ཟླ་བདུན་པར་བྱང་ཆིངས་རྩ་འཛུགས་ཀྱི་ཧྭ་ཧྲའི་མཐོ་རིམ་གྲོས་ཚོགས་སྟེང་ཆོད་དོན་སྤེལ་ཏེ། ས་དཀྱིལ་མཚོ་ཁུངས་ཀྱི་མཚོ་ཐོག་བདེ་འཇགས་འགུལ་སྐྱོད་ཀྱི་མཉམ་ལས་རྒྱ་བསྐྱེད་རྒྱུ་ཐག་བཅད། འགུལ་སྐྱོད་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཕྱོགས་མང་བོའི་བརྡ་འཕྲིན་དྲ་རྒྱ་འཛུགས་པ་དང་། གནམ་གྲུ་དང་གྲུ་གཟིངས་མངག་ནས་ས་དཀྱིལ་མཚོ་ཁོངས་ས་ཁུལ་དུ་ཕྱོགས་ཡོངས་ནས་ལྟ་རྟོག་བྱས་ཏེ། སྔ་མོ་ནས་ས་ཁུལ་དེའི་བྲེལ་མྱུར་གནས་ཚུལ་དང་མཚོ་ཐོག་གི་འཇིགས་སྐུལ་འཇབ་རྒོལ་ལ་རྒྱུས་ལོན་བྱེད་རྒྱུ་རེད། ད་ལོའི་ཟླ་བཅུ་བར། བྱང་ཆིངས་རྩ་འཛུགས་ཀྱིས་རྒྱ་མཚོའི་སྲུང་དམག་ཅེས་པའི་མཚོ་ཐོག་བདེ་འཇགས་འགུལ་སྐྱོད་ཀྱི་སྒྲོམ་གཞིའི་འོག་ཡོ་རོབ་གླིང་མནའ་འབྲེལ་གྱིས་ས་དཀྱིལ་མཚོ་ཁོངས་ནས་མི་སྣའི་ལྐོག་འགྲོས་ལ་ཆམ་ཕབ་གཏོང་བའི་དམག་དོན་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད།