ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > དམག་དོན་གསར་འགྱུར།

ཁུ་པཱ་ཡིས་གཞི་རྒྱ་ཆེ་བའི་དམག་གཟིགས་མཛད་སྒོ་སྤེལ་ཏེ་དྲག་ཆས་དམག་དཔུང་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་རྟེན་འབྲེལ་ཞུས།

སྤེལ་དུས། 2017-01-03 09:46:25   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཁུ་པཱ་ཡིས་ཚེས་གཉིས་ཉིན་རྒྱལ་ས་ཧཱ་ཝ་ནཱ་ཡི་གསར་བརྗེའི་ཐང་ཆེན་ནས་གཞི་རྒྱ་ཆེ་བའི་དམག་གཟིགས་མཛད་སྒོ་སྤེལ་ཏེ། དྲག་ཆས་དམག་དཔུང་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

དམག་གཟིགས་མཛད་སྒོ་དེ་སྔ་དྲོའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་། ཁུ་པཱའི་མང་ཚོགས་ཁྲི་ཕྲག་མང་བོ་དམག་གཟིགས་མཛད་སྒོ་དང་དེའི་རྗེས་ཀྱི་མང་ཚོགས་ཀྱི་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་ཏེ། སྐུ་གཤེགས་པའི་གསར་བརྗེའི་གཙོ་འཛིན་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་དང་ཁོས་མགོ་ཁྲིད་པའི་པཱ་ཏིས་སི་ཐཱ་ཡི་སྒེར་གཅོད་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་ངེས་མེད་རྒོལ་རྡུང་འཐབ་འཁྲུག་ལ་རྗེས་དྲན་བྱས།

དམག་གཟིགས་མཛད་སྒོར་ཞུགས་མཁན་ལ་གཙོ་བོ་ཁུ་པཱའི་དྲག་ཆས་དམག་དཔུང་གི་འབྱུང་ཁུངས་ཀྱི་མཚོན་བྱེད་དུ་གྱུར་བའི་ཀི་ལཱ་མཱ་རྟགས་ཅན་གྱི་གཟིངས་ཀྱི་བསྐྱར་བཟོའི་དངོས་པོ་དང་། སི་ཕན་ལ་ངོ་རྒོལ་བྱེད་པའི་ཁུ་པཱ་མི་རིགས་སྒེར་ཚུགས་འཐབ་འཁྲུག་དང་ཁུ་པཱའི་གསར་བརྗེ་དང་ཁུ་པཱ་ཡི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་རང་དབང་དང་སྒེར་ཚུགས་བརྩོན་ལེན་བྱེད་པར་རྒྱབ་སྐྱོར་བྱེད་པའི་ལོ་རྒྱུས་མཚོན་པའི་དཔུང་ཁག ཁུ་པཱ་གསར་བརྗེའི་དྲག་ཆས་དམག་དཔུང་དང་ཧྲག་དམག མཚོ་དམག་བཅས་ཀྱིས་གྲུབ་པའི་དཔུང་ཁག དེ་མིན་མི་དམངས་འཐབ་འཁྲུག་མཚོན་པའི་རྒྱལ་ཁོངས་སྲུང་བའི་དམངས་དམག་གི་དཔུང་ཁག ཆེས་རྗེས་མ་ནི་ཁྲོམ་སྐོར་བྱེད་པའི་མང་ཚོགས་ཀྱི་དཔུང་ཁག་བཅས་ཡིན། ཁྲོམ་སྐོར་བྱེད་པའི་མང་ཚོགས་ཀྱིས་ཁུ་པཱའི་རྒྱལ་དར་དང་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་ཡི་སྐུ་འདྲ་ཡོད་པའི་འཕྲེད་བྱང་མཐོན་པོར་བསྒྲེངས་ཤིང་། ཧྥེ་ཏི་ཨར་ཁྲི་ལོར་ཤོག་ཅེས་པ་སོགས་ཀྱི་ཁ་གཡང་མཐོན་པོར་བསྒྲགས།

དམག་གཟིགས་མཛད་སྒོ་དེར་ཁུ་པཱ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ལོ་ཨར་ཁཱ་སི་ཐི་ལོ་ཡིས་མགོ་འཛིན་བྱས། དམག་གཟིགས་མཛད་སྒོ་དེ་ཆེས་ཐོག་མར་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་སྤེལ་རྒྱུར་ཐག་བཅད་ཡོད་ཀྱང་། ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་སྐུ་གཤེགས་པ་དང་དེའི་རྗེས་ཀྱི་ཉིན་དགུའི་རིང་རྒྱལ་ཁབ་ཀྱིས་མྱ་ངན་ཞུས་པས། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་བར་རྗེས་སུ་སྣུར་བ་རེད།

ཁུ་པཱ་གུང་ཁྲན་རིང་ལུགས་ན་གཞོན་མནའ་འབྲེལ་གྱི་ཀྲུའུ་ཞི་ཀྲིན་ནེ་ཧྥོ་དབྱང་གིས་འདུ་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་སྐུ་གཤེགས་རྗེས་ཐོག་དང་པོར་སྤེལ་བའི་དམག་དོན་དང་མང་ཚོགས་ཀྱི་ཁྲོམ་སྐོར་བྱ་འགུལ་ལ་དོན་སྙིང་ཆེན་པོ་ལྡན་པ་དང་། ཁུ་པཱའི་ན་གཞོན་དག་གིས་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་ཡི་གསར་བརྗེའི་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན་ཟེར། ཁོ་མོས་བཤད་རྒྱུར། ཁུ་པཱ་ཡིས་སྔར་ཡོད་པའི་རྩ་དོན་གང་རུང་བསྐྱུར་མི་སྲིད་ལ། སྒེར་ཚུགས་ཀྱི་བདག་དབང་ཡང་བསྐྱུར་མི་སྲིད་ཟེར།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།