རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཀི་ལུའུ་ཅི་ཡཱ་ནས་སྤེལ་རྒྱུ་རེད། 
2019.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཟླ་འདིའི་ཚེས་ཉེར་བདུན་ཉིན་ནས་བཟུང་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་སུ་ཉིས་སྟོང་བཅུ་དགུ་ལོའི་ཚོར་བ་སྐྱེན་པོ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་དེའི་དྲ་ཚིགས་སྟེང་སྤེལ་བའི་གསལ་སྒྲོག་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་ནས་ཟླ་བརྒྱད་པའི་ཚེས་དགུའི་ཉིན་བར་སྤེལ་ཡིན་པ་དང་། ཀི་ལུའུ་ཅི་ཡཱའི་མངའ་ཁོངས་ཀྱི་སེ་ནཱ་ཅི་དང་ཨོ་ཨར་པའོ་ལོ། ཝ་ཅཱ་ནེ་བཅས་དམག་དོན་རྟེན་གཞི་གསུམ་ནས་སྤེལ་རྒྱུ་ཡིན་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇི། ཕོ་ལན། ཐུར་ཁེ། ཝུའུ་ཁི་ལན་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་བཞི་དང་བྱང་ཆིངས་རྩ་འཛུགས་ཀྱི་ཞི་བདེའི་གྲོགས་པོའི་འབྲེལ་བའི་འཆར་གཞི་ལ་ཞུགས་པའི་རྒྱལ་ཁབ་བཅས་ཀྱི་དམག་དོན་མི་སྣ་སྟོང་གསུམ་ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་དམག་དཔུང་གིས་མཉམ་དུ་སྦྱོང་བརྡར་དང་འཐབ་འཁྲུག་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མཚོ་ནག་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་རེད།

གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ཀི་ལུའུ་ཅི་ཡཱ་ཡིས་སྤེལ་བའི་ཚབ་མིང་ལ་ཚོར་བ་སྐྱེན་པོ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་དགུ་བ་ཡིན་པ་དང་། ད་ལྟའི་བར་གཞི་རྒྱ་ཆེས་ཆེ་བའི་ཐེངས་ཤིག་ཀྱང་རེད་ཟེར། 

ཉིས་སྟོང་བཅུ་གཅིག་ལོའི་ཚུན་ལ། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁས་ལོ་རེར་ཀི་ལུའུ་ཅི་ཡཱའི་མངའ་ཁོངས་སུ་ཚབ་མིང་ལ་ཚོར་བ་སྐྱེན་པོ་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད་པ་དང་། ཉིས་སྟོང་བཅོ་ལྔ་ལོར་དམག་དོན་སྦྱོང་བརྡར་དེ་ཐོག་དང་པོར་ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ནས་རྒྱལ་ཁབ་མང་བོར་རྒྱ་བསྐྱེད་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།