ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཡཱ་ཏེན་གྱི་བཙན་བཟུང་ས་ཁུལ་སྐོར་ཞིག་ནས་དམག་དཔུང་ཕྱིར་འཐེན་བྱས། 
2019.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་སྟོབས་ཤུགས་ཀྱིས་ཡཱ་ཏེན་གྲོང་ཁྱེར་གྱི་བཙན་བཟུང་ས་ཁུལ་སྐོར་ཞིག་ནས་ཕྱིར་འཐེན་བྱེད་མགོ་བརྩམས་པ་དང་། སྲིད་གཞུང་བར་གྲོས་མོལ་བྱེད་པར་ཆ་རྐྱེན་བསྐྲུན་ཡོད། 

ཉིན་དེར་མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་སྟོབས་ཤུགས་ཀྱིས་ཡཱ་ཏེན་གྲོང་ཁྱེར་གྱི་བཙན་བཟུང་བྱེད་པའི་ས་ཁུལ་སྐོར་ཞིག་གི་ལས་ཁུངས་གཙོ་བོ་ལས་ཕྱིར་འཐེན་བྱས་པ་དང་། དེའི་ནང་སྲིད་གཞུང་གཞུང་སྒྲུབ་ཐོག་ཁང་དང་། ཀྲུང་དབྱང་དངུལ་ཁང་། ཆེས་མཐོའི་ཁྲིམས་ཁང་། ཡཱ་ཏེན་སྨན་ཁང་བཅས་འདུས། ཡེ་མིན་གྱི་གསར་འགྱུར་པུའུ་ཀྲང་ཨེ་ལི་ཡཱ་ནེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་གི་བདེ་འཇགས་དམག་དཔུང་གིས་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ནས་སྲིད་གཞུང་གི་ལས་ཁུངས་དང་སྒྲིག་ཆས་རེ་འགའ་བདག་བཟུང་བྱས་པ་ཁས་ལེན་བྱས། 

ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཧེ་སཱ་མུའུ་ཡིས་ཉིན་དེར་གསར་འགོད་པར་བདེན་དཔང་བྱས་དོན། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་སྒྲིག་ཆས་གལ་ཆེན་སྐོར་ཞིག་སྲིད་གཞུང་གི་བདེ་འཇགས་དམག་དཔུང་ལ་སྤྲད་པ་དང་། ཙུང་ཐུང་བཞུགས་ཤག་དེ་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ལ་སྤྲོད་རྒྱུ་རེད། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཡེ་མིན་སྲིད་གཞུང་བར་གྲོས་མོལ་བྱེད་སྐབས་མིག་སྔར་བཙན་བཟུང་བྱེད་པའི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་རེ་འགའི་དབང་གཏོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

ཟླ་འདིའི་ཚེས་བཅུ་བཞིའི་ཉིན། ཡེ་མིན་སྲིད་གཞུང་གིས་གསལ་སྒྲོག་སྤེལ་ཏེ། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་སྟོབས་ཤུགས་ཡཱ་ཏེན་གྱི་བཙན་བཟུང་བྱས་པའི་ས་ཁོངས་ནས་ཕྱིར་འཐེན་བྱེད་པའི་རེ་བ་བཏོན་པ་དང་། དོན་དེ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་དགོས་པའི་ཚུལ་བསྟན། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།