ཨུ་རུ་སི་ཡིས་ཉིས་སྟོང་བཅུ་དགུ་ལོའི་དབུས་ཕྱོགས་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།
2019.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་དབུས་ཕྱོགས་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་རྩོམ་པའི་མཛད་སྒོ་ཉིན་དེར་ཨུ་རུ་སིའི་ཨོ་སི་ལོན་པའོ་ཀྲིག་གི་མདའ་འཕེན་ར་བ་ཞིག་ནས་སྤེལ། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་གཞོན་པ་ཡེ་ཧྥུའུ་ཁུའུ་ལོ་ཧྥུའུ་ཡིས་ཉིན་དེར་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་དབུས་ཕྱོགས་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་བའི་དམིགས་ཡུལ་ནི་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་དག་གི་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་དམག་གྲབས་རྣམ་པ་མངོན་པར་བྱེད་པའི་ཆེད་ཡིན་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་དབུས་ཕྱོགས་ཞེས་པའི་དམག་དོན་སྦྱོང་བརྡར་དེ་དུས་རིམ་གཉིས་སུ་བགོས་ཡོད་པ་དང་། དུས་རིམ་དང་པོར་མཉམ་འབྲེལ་ཁྲིད་སྟོན་པུའུ་ཡིས་མཉམ་དུ་འཐབ་འཁྲུག་འཆར་གཞི་གཏན་འབེབས་བྱས་ཏེ། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། བར་སྣང་འཇབ་རྒོལ་ལ་རྒོལ་ལན་སྤྲོད་པ། ས་ཁུལ་གྱི་མྱུལ་ཞིབ་སོགས་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད། དུས་རིམ་གཉིས་པར་དགྲ་བོ་ལད་བཟོ་བྱས་ཏེ་གཞི་རྒྱ་ཆེ་བའི་དཔུང་འཇུག་འགུལ་སྐྱོད་སྤེལ་རྒྱུ་རེད། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་དུ་ཞུགས་མཁན་ལ་ད་རུང་ཀྲུང་གོ་དང་ཕཱ་ཁི་སི་ཐན། ཅིར་ཅི་སི་སི་ཐན། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཡོད། བསྡོམས་པས་དམག་མི་འབུམ་གཅིག་དང་ཁྲི་གསུམ་ཙམ་དང་། དམག་དོན་སྒྲིག་ཆས་ཁྲི་གཉིས་ལྷག འཐབ་འཛིང་གནམ་གྲུ་དྲུག་བརྒྱ་ཙམ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། ཟླ་འདིའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། དམག་དོན་སྦྱོང་བརྡར་དེ་ཨོ་ལོན་པའོ་ཀྲིག་དང་ཁྲེ་ལི་ཡཱ་པེན་སི་ཁི་ཀྲིག ཁུའུ་ཨར་ཀན་ཀྲིག ཨ་སི་ཐི་ལཱ་ཧན་ཀྲིག ཁི་མེད་ལོ་བོ་ཀྲིག ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཨ་ཨར་ཐེ་མཐའ་མཚམས་ས་ཁུལ། ལི་ཧེ་མཚོ་ཁོངས་བཅས་སུ་སྤེལ་རྒྱུ་རེད།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།