ཧྥ་རན་སི་དང་སེ་ཕུའུ་ལུའུ་སི་ཡིས་མཉམ་འབྲེལ་གྱི་མཚོ་ཐོག་དམག་དོན་འགུལ་སྐྱོད་སྤེལ། 
2019.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་བློན་ཆེན་ཨན་རི་ལེ་ཏའེ་སི་ཡིས་ཚེས་བཅུ་གསུམ་ཉིན་བདེན་དཔང་བྱས་དོན། ཧྥ་རན་སི་དང་སེ་ཕུའུ་ལུའུ་སིའི་མཉམ་འབྲེལ་གྱི་མཚོ་ཐོག་དམག་དོན་སྦྱོང་བརྡར་དེ་སེ་ཕུའུ་ལུའུ་སིའི་མཚོ་ཁོངས་ཀྱི་ངེས་བསྟན་གསལ་བོ་མེད་པའི་གནས་ཤིག་ཏུ་སྤེལ་བཞིན་ཡོད་ཟེར། 

ཨན་རི་ལེ་ཏའེ་སི་ཡིས་སེ་ཕུའུ་ལུའུ་སིའི་རྒྱལ་ཁབ་རྒྱང་སྒྲོག་ཁང་ནས་བསྟན་དོན། མཚོ་དམག་གི་དམག་དོན་སྦྱོང་བརྡར་ནི་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་སྒྲོམ་གཞིའི་འོག་སྤེལ་བ་དང་། དེ་ལས་སེ་ཕུའུ་ལུའུ་སིའི་ཆེད་དབང་དཔལ་འབྱོར་ས་ཁུལ་དུ་བདག་དབང་ལག་བསྟར་བྱེད་པའི་བརྡ་བཏང་ཡོད་ཀྱང་། སེ་ཕུའུ་ལུའུ་སི་ཡིས་སྔར་བཞིན་ཆབ་སྲིད་དང་ཕྱི་འབྲེལ། བཅའ་ཁྲིམས་བཅས་ཀྱི་ཐབས་ལ་བརྟེན་ནས་ཐུར་ཁེའི་ཁྲིམས་འགལ་བྱ་སྤྱོད་མཇུག་སྒྲིལ་དུ་འཇུག་དགོས་ཟེར། 

ཟླ་འདིའི་ཚེས་གསུམ་ཉིན། ཐུར་ཁེ་ཡིས་ཡཱ་ཝུའུ་ཙི་རྟགས་ཅན་གྱི་སྣུམ་རླངས་སྔོག་འདོན་གྲུ་གཟིངས་མངག་གཏོང་བྱས་པ་དང་། ཚེས་བདུན་ཉིན་ནས་སྐོར་ཐེངས་གསར་བའི་སྔོག་འདོན་མགོ་བརྩམས་ཡོད་ལ། སྔོག་འདོན་བྱེད་ས་ནི་ཐུར་ཁེའི་ཏཱ་ལུའུ་ཅཱ་ཡི་ཁྱབ་ཁོངས་ནང་རེད། སེ་ཕུའུ་ལུའུ་སིའི་སྲིད་གཞུང་གིས་ཚེས་བཞི་ཉིན་ཐུར་ཁེ་ཡིས་རིམ་འཕར་བྱས་པ་དེས་སེ་ཕུའུ་ལུའུ་སིའི་བདག་དབང་ལ་གནོད་པ་བཟོས་ཡོད་པར་སྐྱོན་འཛུགས་བྱས། སེ་ཕུའུ་ལུའུ་སི་ཕྱོགས་ཀྱིས་བསྟན་དོན། ཡཱ་ཝུའུ་ཙི་རྟགས་ཅན་ཡོད་སའི་དཔལ་འབྱོར་ས་ཁུལ་དང་ཐུར་ཁེའི་བདག་དབང་ཡོད་པར་བསམ་ཏཱ་ལུའུ་ཅཱ་ལ་འབྲེལ་བ་མེད་ཟེར། 

ཟླ་ངོ་འགའི་རིང་ལ། ཐུར་ཁེ་དང་སེ་ཕུའུ་ལུའུ་སི་ཡིས་ས་དཀྱིལ་མཚོ་ཁོངས་ཤར་ངོས་ཀྱི་སྣུམ་རླངས་ཐོན་ཁུངས་ཐད་ཀྱི་རྩོད་གླེང་ཛ་དྲག་ཏུ་གྱུར་ཡོད། ད་ལོའི་ཟླ་བདུན་པར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་བསྟན་དོན། ཐུར་ཁེའི་སྔོག་འདོན་བྱ་འགུལ་དེས་སེ་ཕུའུ་ལུའུ་སིའི་བདག་དབང་ལ་གནོད་པ་བཟོས་ཡོད་ཅིང་། ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད་ཟེར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་གསལ་སྒྲོག་སྤེལ་ཏེ་ཐུར་ཁེ་ཕྱོགས་ཀྱིས་རིགས་དེ་མཚུངས་ཀྱི་སྔོག་འདོན་བྱ་འགུལ་སྤེལ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཡོད། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚེས་བཅུ་བདུན་ཉིན་པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་གྲོས་ཚོགས་བསྡུས་ཏེ་ཐུར་ཁེའི་ཐོན་ཁུངས་སྔོག་འདོན་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།