ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིས་སྟོང་བཅུ་དགུ་ལོའི་འབྲུག་སྒྲ་ཞེས་པའི་དམག་དོན་སྦྱོང་བརྡར་བདེ་བླག་ངང་ཡོངས་འགྲུབ་བྱས། 
2019.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 81

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཉེ་སྔོན་སྤེལ་བའི་ཉིས་སྟོང་བཅུ་དགུ་ལོའི་འབྲུག་སྒྲ་ཞེས་པའི་འཐབ་ཇུས་ཉིང་རྡུལ་སྟོབས་ཤུགས་ཀྱི་དམག་དོན་སྦྱོང་བརྡར་གྱིས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་བྱེད་སྐབས་གཏན་འཁེལ་བྱས་པའི་འཕུར་མདའི་གཏོང་འཕེན་གྱི་ལས་འགན་སྣ་ཚོགས་ལག་བསྟར་བྱས་ཤིང་། གཏོང་འཕེན་བྱས་པའི་འཕུར་མདའ་དང་སྐོར་ཞིབ་འཕུར་མདའ་ཚང་མ་སྔོན་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ལ་ཕོག་ཡོད་པ་དང་། འཕུར་མདའ་སོ་སོའི་བྱེད་ཐབས་ལའང་བདེན་དཔང་ཐོབ་ཡོད་ཟེར། 

ཨུ་རུ་སིའི་སྤྱི་སྒྲོག་ལས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་བྱེད་སྐབས་ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་ཏུ་གཏོགས་པའི་ལིང་ཙན་རྟགས་ཅན་གྱི་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཀྱིས་གླིང་ཆེན་བར་གྱི་འཕུར་མདའ་གཅིག་མ་གཏོགས་གཏོང་འཕེན་བྱས་མེད་ཟེར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། གླིང་ཆེན་བར་གྱི་འཕུར་མདའི་གཏོང་འཕེན་ཁ་གྲངས་དེ་ཨུ་རུ་སིའི་མཚོ་དམག་བཀོད་འདོམ་རྟེན་གཞི་ཡིས་འཕུར་མདའི་བྱེད་ནུས་དམིགས་ཚད་དང་ལག་བསྟར་བྱེད་པའི་ལས་འགན་གཞིར་བཟུང་ནས་མཇུག་མཐར་ཐག་བཅད་པ་ཡིན། འཕུར་མདའ་གཉིས་པ་གཏོང་འཕེན་མ་བྱས་པ་ནི་འཕུར་མདའི་སྐབས་དེའི་བྱེད་ནུས་དམིགས་ཚད་གཞིར་བཟུང་ནས་ཐག་གཅོད་བྱས་པ་ལས། དམག་དོན་སྦྱོང་བརྡར་བདེ་བླག་ངང་སྤེལ་བར་ཤུགས་རྐྱེན་ཅི་ཡང་ཐེབས་མེད་ཟེར། 

ཉིས་སྟོང་བཅུ་དགུ་ལོའི་འབྲུག་སྒྲ་ཞེས་པའི་འཐབ་ཇུས་ཉིང་རྡུལ་སྟོབས་ཤུགས་ཀྱི་དམག་དོན་སྦྱོང་བརྡར་དེ་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཨུ་རུ་སིའི་ས་ཁུལ་མང་བོ་ནས་སྤེལ། དམག་དོན་སྦྱོང་བརྡར་ལ་བསྡོམས་པས་དམག་མི་ཁྲི་གཅིག་དང་སྟོང་གཉིས་ཞུགས་པ་དང་། འཐབ་ཇུས་མེ་ཤུགས་འཕུར་མདའི་གཏོང་འཕེན་སྒྲིག་ཆས་ཉིས་བརྒྱ་དང་བཅུ་གསུམ་བཀོལ་སྤྱོད་བྱས་ཡོད་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།