ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཨུ་རུ་སི་ཡིས་སི་རི་ཡཱ་རུ་དམ་དོན་ཉེན་རྟོག་པ་སུམ་བརྒྱ་མངག་གཏོང་བྱས་པ་དང་། ཉིན་དེར་སི་རི་ཡཱ་རུ་འབྱོར་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། དམག་དོན་ཉེན་རྟོག་པའི་སྐོར་ཁག་དེ་ནི་ཉིན་དེར་དབྱེ་ཨར—76རྟགས་ཅན་གྱི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཞིག་ལ་བསྡད་དེ་སི་རི་ཡཱ་རུ་འབྱོར་བ་དང་། ཁོ་ཚོ་ནི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཁྲེ་ཁྲིན་སྤྱི་མཐུན་རྒྱལ་ཁབ་ནས་ཡོང་བ་ཡིན་ལ། ཁོ་ཚོས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བའི་གཏན་སྡོད་ས་ཁུལ་དུ་སྐོར་གཡེང་བྱས་ཏེ། ཁུའུ་ཨར་ཏི་བའི་དྲག་ཆས་མི་སྣ་དང་སྒྲིག་ཆས་དག་ངེས་གཏན་གྱི་གནས་སུ་ཕྱིར་འཐེན་བྱེད་པ་སོགས་ལ་རོགས་འདེགས་བྱེད་རྒྱུ་རེད།
སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ད་རུང་སི་རི་ཡཱའི་ཧི་མེད་མུས་མུའུ་རུ་སྡོད་པའི་ཨུ་རུ་སིའི་མཁའ་དམག་རྟེན་གཞིར་ཁྲབ་ལྡན་འཁོར་ལོ་ཉི་ཤུ་ལྷག་བསྐྱལ་ཡོད་པ་དང་། དམག་དོན་ཉེན་རྟོག་པ་སྐོར་ཁག་དེས་ལས་འགན་ལག་བསྟར་བྱེད་སྐབས་བེད་སྤྱོད་བྱེད་རྒྱུ་རེད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།